སྤྱི་ཟླ ༥ ཚེས ༡༩ ཉིན་ནས་ཚེས ༢༢ ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་མངའ་རིས་ས་ཁུལ་གྱི་སྤུ་ཧྲེང་རྫོང་དང་། རྩྭ་མདའ་རྫོང་། སྒར་རྫོང་བཅས་སུ་ཕེབས་ནས་བརྟག་ཞིབ་གནང་བ་དང་འབྲེལ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་རེད།
ཝང་ཅུན་ཀྲེང་གིས་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ལ་རྟོག་ཞིབ་གནང་སྟེ་རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་སྐོར་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
ཝང་ཅུན་ཀྲེང་གིས་གངས་རིན་པོ་ཆེའི་འཁྱགས་རོམ་སྲུང་སྐྱོང་དང་། མ་ཕམ་གཡུ་མཚོ་རྒྱལ་ཁབ་རིམ་པའི་འདམ་ར་སྲུང་སྐྱོང་། རྩྭ་མདའི་བྲུ་རོང་རྒྱལ་ཁབ་ས་གཤིས་སྤྱི་གླིང་གི་གནའ་ཤུལ་སྲུང་སྐྱོང་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན།སྲུང་སྐྱོང་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ཞིག་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ། རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཆ་ལག་ཚང་བའི་བཅོས་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་དང་། གཙང་པོ་དང་ཆུ་བོ་གལ་ཆེན་རྒྱུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན། ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་དོན་འཁྱོལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས། མངའ་རིས་ཀྱི་སྲོག་ཆགས་དང་། རྩི་ཤིང་། རི་ཆུ་ཀླུང་གསུམ་ཐམས་ཅད་སྲུང་སྐྱོང་ཡག་པོ་བྱེད་དགོས།
མངའ་རིས་ཀྱི་ལྟ་ན་སྡུག་པའི་ཡུལ་ལྗོངས།
མངའ་རིས་ས་ཁུལ་གྱི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་དང་ལོ་རྒྱུས་རིག་གནས་ཀྱི་ནང་དོན་ཟབ་མོ་ཡོད། ཝང་ཅུན་ཀྲེང་གིས་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་སྡེ་སྟེ། འཁོར་ཆགས་གྲོང་ཚོ་དང་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ལ་རྟོག་ཞིབ་གནང་བ་དང་རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ལས་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་གསུངས་དོན། མངའ་རིས་ས་ཁུལ་གྱི་རིག་གནས་ཡུལ་སྐོར་སོགས་ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་མདུན་ལམ་ཆེན་པོ་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་གནའ་རྫས་རྟོག་ཞིབ་ལས་དོན་དང་ལོ་རྒྱུས་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ་དང་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྲུང་སྐྱོང་དང་འཕེལ་རྒྱས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། གུ་གེ་རྒྱལ་རབས་གནའ་ཤུལ་འདབས་ཀྱི་རྩ་ཧྲེང་གྲོང་ཚོས་དམིགས་བསལ་གྱི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ཁྱིམ་ཚང་མགྲོན་ཁང་སོགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས། མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད།ཝང་ཅུན་ཀྲེང་ཚེ་རིང་རྡོ་རྗེའི་ཁྱིམ་དུ་ཕེབས་ཏེ་རྒན་རྒོན་ནད་མེད་ཚེ་རིང་དང་། ཕྲུ་གུའི་སྦྱངས་འབྲས་ལེགས་པ། ཁྱིམ་ཚང་འཆམ་མཐུན་ལྡན་པ། འཚོ་བ་འབྱོར་ཕྱུག་ལྡན་པ་བཅས་ཡོད་པ་མཁྱེན་སྐབས། ཁོང་གིས་རྒྱལ་ཁབ་ཆེན་པོ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་ལས་གྲུབ་པ་ཞིག་ཡིན་པས་ཕྲུ་གུ་གསོ་སྐྱོང་དང་སློབ་གསོ་ཡག་པོ་གཏོང་བ་དང་། རྒན་རྒོན་ལ་བསྙེན་བཀུར་དང་ལྟ་རྟོག་ཡག་པོ་བྱེད་པ། ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱེད་པ། མཐའ་མཚམས་སྲུང་སྐྱོང་ཡག་པོ་བཅས་བྱས་ཏེ། ཁྱིམ་ཚང་ཆུང་ངུ་བདེ་སྐྱིད་ཕུན་སུམ་ཚོགས་པ་དང་ཁྱིམ་ཚང་ཆེན་པོ་སྟོབས་འབྱོར་མངའ་ཐང་རྒྱས་པ་ཡོང་བ་ཞིག་བྱེད་དགོས་ཞེས་དགྱེས་ཚོར་ཆེན་པོས་གསུངས་པ་རེད།
ཝང་ཅུན་ཀྲེང་སྒར་རྫོང་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་དུ་ཕེབས་ནས་ཡུལ་དེའི་མང་ཚོགས་ཀྱི་འདེབས་འཛུགས་ལག་རྩལ་སྐོར་མཁྱེན་རྟོགས་གནང་བཞིན་པ།
སྒར་རྫོང་བཀྲིས་སྒང་ཤང་བདེ་མཆོག་གྲོང་ཚོར་ཝང་ཅུན་ཀྲེང་གིས་འགྲེམས་པང་ལ་གཟིགས་ནས། གྲོང་ཚོའི་འཆར་འགོད་འཛུགས་སྐྲུན་ལ་མཁྱེན་རྟོགས་གཏིང་ཟབ་གནང་བ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ཉལ་ཁང་དང་ཐབ་ཚང་དུ་ཕེབས་ནས་རུ་མི་ཚོའི་ལས་ཀ་དང་འཚོ་བར་གཟིགས་ཞིབ་གནང་བ། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་བསོད་ནམས་ཚེ་རིང་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་མཐའ་མཚམས་མང་ཚོགས་ཀྱི་ཁྱིམ་ཚང་གི་ཡོང་འབབ་བཀའ་འདྲི་གནང་བ་རེད།
ཝང་ཅུན་ཀྲེང་མངའ་རིས་ས་ཁུལ་གཅིག་སྡུད་བསྙེན་བཀུར་ལྟེ་གནས་སུ་ཕེབས་ནས་རྒན་རྒོན་ཚོའི་འཚོ་བའི་གནས་ཚུལ་མཁྱེན་རྟོགས་གནང་སྟེ་རྒན་རྒོན་ཚོ་ནད་མེད་ཚེ་རིང་དང་ཚེ་མཇུག་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུ་བཞིན་པ།
མངའ་རིས་ནི་ཁུང་ཧྥན་སེན་གྱི་སྙིང་སྟོབས་དར་ས་རེད། ཝང་ཅུན་ཀྲེང་ཁུང་ཧྥན་སེན་སློབ་ཆུང་དུ་ཕེབས་ཏེ་ཁུང་ཧྥན་སེན་གྱི་བླ་ན་མེད་པའི་མཛད་རྗེས་ལ་རྗེས་དྲན་ཞུས་ཤིང་། ཁོང་གིས་གསུངས་དོན།ཁུང་ཧྥན་སེན་གྱི་བློ་གཅིག་སེམས་གཅིག་གིས་དམངས་ལ་ཞབས་འདེགས་ཞུ་བ་དང་ཐོག་མའི་བསམ་འདུན་མ་བརྗེད་པའི་གཅེས་སེམས་ཆེན་པོའི་སྙིང་སྟོབས་ནི་བསམ་པའི་རྒྱུ་ནོར་རྩ་ཆེན་ཞིག་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གཞི་རིམ་དུ་གཞི་ཚུགས་པ་དང་ཁུང་ཧྥན་སེན་གྱི་སྙིང་སྟོབས་ལག་བསྟར་ཏན་ཏིག་བྱས་ནས། མང་ཚོགས་ཁྲོད་དུ་སྐྱོད་པ་དང་ལག་ལེན་དངོས་སུ་ཞུགས་རྒྱུ་མཐའ་འཁྱོངས་ཀྱིས་མི་སེར་སེམས་ལ་འཇོག་པ་དང་དམ་པ་དོན་གཉེར་བྱས་ཏེ་མང་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱི་སྙིང་ཉེ་བར་འགྱུར་བ་བྱེད་དགོས།
བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་མངའ་རིས་ས་ཁུལ་གྱི་ལས་དོན་སྙན་སེང་གསན་རྗེས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།
ཝང་ཅུན་ཀྲེང་ཁུང་ཧྥན་སེན་སློབ་ཆུང་དུ་ཕེབས་ཏེ་ཁུང་ཧྥན་སེན་གྱི་བླ་ན་མེད་པའི་མཛད་རྗེས་ལ་རྗེས་དྲན་ཞུ་བཞིན་པ།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དམངས་འཚོ་ནི་འཕེལ་རྒྱས་ཀྱི་དམིགས་ཡུལ་དང་མི་སེམས་ནི་ཆབ་སྲིད་ཆེ་ཤོས་དེ་རེད། ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱེད་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ། དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་མི་དམངས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། མི་དམངས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམ་འཛིན་ལྷོད་མེད་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རྣམས་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་པ་དང་ལོ་ལྟར་དམངས་འཚོའི་བྱ་བ་དངོས་ཁག་གཅིག་ཡག་པོ་བསྒྲུབས་ཏེ་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་ཟམ་མི་ཆད་པར་སྐོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞན་ཆ་སེལ་བ། རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་སྣང་དེ་བས་ཆེ་བ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སྣང་དེ་བས་འགན་ལེན་ཡོད་པ་བཅས་ཡོང་བ་བྱེད་དགོས། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་ལས་དོན་རྒྱུན་སྲིང་ལྷོད་མེད་ངང་སྤེལ་བ་དང་མི་རིགས་ཁག་གི་མང་ཚོགས་ལ་མཐའ་མཚམས་སུ་རྩ་བ་ཚུགས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་བ། ཕ་ཡུལ་འཛུགས་སྐྲུན་བཅས་བྱེད་པའི་སྐུལ་ལྕག་གཏོང་དགོས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་འཇུར་མིག་གི་ཚོད་འཛིན་སེལ་ཤུགས་ཆེ་རུ་བཏང་སྟེ། དམངས་འཚོའི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
རྩྭ་མདའ་བྲུ་རོང་རྒྱལ་ཁབ་ས་གཤིས་སྤྱི་གླིང་གི་ཟུར་ཞིག
ས་གནས་དེ་གའི་མི་སེར་གྱིས་ལས་ཀར་ཕྱིན་ནས་ཡོང་འབབ་བསགས་པ་མ་ཟད་ཤིང་འབྲས་འདེབས་སྟངས་ཀྱང་སྦྱངས་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཡོད་ཚད་དོན་དངོས་ལ་གཞི་ཚུགས་རྒྱུ་མཐའ་འཁྱོངས་བྱས་ཏེ་གནས་ཚུལ་གསར་པ་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་བཅས་བྱེད་དགོས་པ་དང་།ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱས་ནས་ལྷག་བསམ་ཟོལ་མེད་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་འཛུགས་དགོས།
ཝང་ཅུན་ཀྲེང་རྩྭ་མདའ་རྫོང་པ་ཏྲ་ཞིབ་བཤེར་ས་ཚིགས་སུ་ཕེབས་ཏེ་ལས་དོན་མི་སྣར་བྱམས་བརྩེའི་ངང་འཚམས་འདྲི་གནང་བཞིན་པ།
ཝང་ཅུན་ཀྲེང་ད་དུང་སྤུ་ཧྲེང་རྫོང་འགག་སྒོ་དང་། རྩྭ་མདའ་རྫོང་གི་པ་ཏྲ་ཞིབ་བཤེར་ས་ཚིགས་སུ་ཕེབས་ནས། མཐའ་མཚམས་ཞིབ་བཤེར་དང་། འགག་སྒོ མི་དམངས་ཉེན་རྟོག་པ། སྨན་དོན་མི་སྣ་བཅས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་བ་རེད།།