སྤྱི་ཚེས ༢༨ ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བོད་ལྗོངས་སློབ་ཆེན་དུ་ཕེབས་ནས་བརྟག་ཞིབ་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲོང་ཡན་དང་། ཟླ་བ་ཚེ་རིང་། ཉི་མ་ཚེ་རིང་། ཏུའུ་ཅན་ཀུང་བཅས་ཞུགས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་སྐྱེ་ཁམས་རིག་པའི་ཚོད་ལྟ་ཁང་དུ་ཚན་ཞིབ་ཀྱི་གྲུབ་འབྲས་ལ་མཁྱེན་རྟོགས་གནང་བཞིན་པ།
ཝང་ཅུན་ཀྲེང་སློབ་གྲྭའི་ལོ་རྒྱུས་ཁང་དང་། བོད་ཡིག་དཔེ་རྙིང་ཁང་། སྐྱེ་ཁམས་རིག་པའི་ཚོད་ལྟ་ཁང་བཅས་སུ་ཕེབས་ནས་རིག་ཚན་འཛུགས་སྐྱོང་དང་། ཚན་ཞིབ་ཀྱི་ལས་དོན། སློབ་གྲྭའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་བཅས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ཏང་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་སོགས་ལས་དོན་གྱི་ངོ་སྤྲོད་ཀྱང་གསན་ཞིང་། ཤེས་ལྡན་མི་སྣ་དང་། སྲིད་ཇུས། ཐོན་ཁུངས་སོགས་ཀྱི་ལེགས་ཆ་བསྡུ་སྒྲིལ་ལ་སྣང་ཆེན་བྱས་ཏེ། རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་ལེགས་ཆ་ལྡན་པའི་རིག་ཚན་འཛུགས་སྐྱོང་མགྱོགས་པོ་བྱེད་དགོས་པ་དང་རྩེ་གྲ་གཉིས་ཀྱི་སློབ་ཆེན་འཛུགས་སྐྱོང་གི་གོམ་སྟབས་མགྱོགས་སུ་གཏོང་དགོས་པ་དང་། བོད་ཡིག་དཔེ་རྙིང་མྱུར་སྐྱོབ་དང་། སྲུང་སྐྱོབ། ལེགས་སྒྲིག ཞིབ་འཇུག་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། དཔལ་འབྱོར་དང་དོ་དམ་སློབ་གླིང་གི་ཏང་ཀྲི་པུས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་བདུན་གཅིག་ལ་བསུ་བ་ཞུ་བའི་བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བཞིན་ཡོད། ཝང་ཅུན་ཀྲེང་དེ་གར་ཕེབས་ནས་སློབ་མ་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ། ཁོ་ཚོར་སློབ་སྦྱོང་ཡག་པོ་བྱེད་པ་དང་རྒྱུན་ཆད་མེད་པར་ཡར་རྒྱས་ཡོང་བར་བྱས་ནས། རྒྱལ་ཁབ་དང་ཀྲུང་ཧྭ་མི་རིགས་ལ་ཕན་ཐོགས་པའི་ཤེས་ལྡན་པ་ཞིག་ཏུ་འགྱུར་བར་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད།
ཝང་ཅུན་ཀྲེང་གིས་བོད་ལྗོངས་སློབ་ཆེན་དུ་སློབ་མ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ།
དེ་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུར་ཝང་ཅུན་ཀྲེང་གིས་སློབ་གསོ་སློབ་ཁྲིད་ལས་དོན་སྐོར་གྱི་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་སྙན་སེང་གསན་པ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་དགེ་སློབ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།
ཝང་ཅུན་ཀྲེང་གིས་བོད་ལྗོངས་སློབ་ཆེན་གྱི་ལས་བྱེད་ལས་བཟོར་བྱམས་བརྩེའི་ངང་ཕྱག་གཏོང་བཞིན་པ།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་མཐོ་རིམ་སློབ་གསོའི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ཁྱད་ཆོས་གང་ལེགས་མངོན་པར་བྱེད་དགོས། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ། སྤྱོད་ལམ་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས། ཕྱོགས་བསྡུས་ཇུས་འདོན་དང་ཐབས་མང་མཉམ་སྤྱོད་ཀྱིས་སློབ་གྲྭ་ཆེ་མོ་བ་སྤུས་ཚད་མཐོ་པོས་ལས་ཞུགས་དང་ལས་གཏོད་དེ་བས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་དགོས། དགེ་རྒན་གྱི་བྱེད་པོའི་ནུས་པ་འདོན་པ་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་ཅིག་གཏོད་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ལས་ཀའི་དོན་དངོས་ལ་གཞི་ཚུགས་པ་དང་གཙོ་གནད་རིག་ཚན་འཛུགས་སྐྱོང་དང་ཆེད་དོན་ཞིབ་འཇུག་གལ་ཆེན་ལ་ཤུགས་སྣོན་བརྒྱབ་སྟེ། མཐོ་སློབ་ཀྱི་ཞབས་འདེགས་ཞུ་ཁོངས་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མཐོ་རིམ་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་འགན་ལེན་བརྟན་པོ་བྱེད་དགོས། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་ནས་འབྲུ་འདེབས་དུད་ཚང་ཆེན་མོར་འཕྲིན་ལན་སྤྲིངས། ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ། ཞི་ཅིན་ཕིང་ནས་བསམ་འཆར་ཞིབ་བསྡུའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་། ཞི་ཅིན་ཕིང་ནས་འགྲོ་བ་མིའི་ཐོབ་ཐང་ཐད་རྩོམ་ཡིག་གལ་ཆེན་ཞིག་སྤེལ་བ། ཝང་ཅུན་ཀྲེང་གིས་གསར་དུ་བསྐོས་པའི་ལས་བྱེད་པར་རེ་བ་འདི་འདྲ་བཏོན་པ།