༢༠༢༣ ལོའི་ཟླ ༤ ཚེས ༦ ཉིན།༼མི་དམངས་ཉིན་རེའི་ཚགས་པར༽གྱི་པར་ངོས་དགུ་པར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཚན་བཀོད་རྩོམ་ཡིག༼བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་དགོས༽ཞེས་པ་བཀོད་ཡོད།
རྩོམ་ཡིག་ནང་བསྟན་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་འགག་རྩའི་དུས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་དང་། དར་ཆ་མཐོན་པོར་སྒྲེང་བ་དང་། སྟོབས་ཤུགས་གཅིག་སྒྲིལ། མཐུན་སྒྲིལ་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་རེད། དེར་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་གལ་འགངས་ཤིན་ཏུ་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་ལྡན་ཡོད། རྒྱང་ལམ་གསར་པར་ང་ཚོས་རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་དགོས།
རྩོམ་ཡིག་ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་དགོས། བསམ་བློ་ནི་བྱ་སྤྱོད་ཀྱི་སྔོན་ཁྲིད་དང་རིགས་པའི་གཞུང་ལུགས་ནི་ལག་ལེན་གྱི་ཕྱོགས་སྟོན་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་བསྒྱུར་བའི་གྲུབ་འབྲས་གསར་ཤོས་ཤིག་རེད། དུས་རབས་གསར་པའི་ལག་ལེན་རླབས་པོ་ཆེར་མཛུབ་ཁྲིད་བྱེད་པའི་ཁྲོད་དུ་བདེན་དོན་གྱི་སྟོབས་ཤུགས་ཆེན་པོ་དང་ལག་ལེན་གྱི་སྟོབས་ཤུགས་རླབས་པོ་ཆེ་མངོན་ཡོད། དེ་ནི་ང་ཚོས་འཛམ་གླིང་ཤེས་རྟོགས་དང་འཛམ་གླིང་སྒྱུར་བཀོད་བྱེད་པའི་བསམ་བློའི་མཚོན་ཆ་སྟོབས་ཆེན་ཞིག་རེད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། འདུ་ཤེས་བཞི་ཟབ་ཏུ་གཏོང་བ། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་བྱེད་དགོས།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་རིགས་པའི་གཞུང་ལུགས་གསར་གཏོད་གལ་ཆེན་ཞིག་ནི། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་པའི་གཞུང་ལུགས་སྙིང་བསྡུས་བྱས་ནས་བཏོན་པ་དང་འབྲེལ་རྒྱས་བཤད་གཏིང་ཟབ་བྱས་པ་དེ་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཐུན་མོང་ཁྱད་ཆོས་ལྡན་ལ། རང་ཉིད་ཀྱི་རྒྱལ་བབ་ལ་གཞི་ཚུགས་པའི་ཁྱད་ཆོས་མངོན་གསལ་དོད་པོ་དེ་བས་ཀྱང་ལྡན་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་ལག་ལེན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུར་སྐྱོད་ཐུབ་པ་དང་བརྟན་པོར་སྐྱོད་ཐུབ་པ་བྱ་རྒྱུ་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་ཡོང་བའི་འགྲོ་ལམ་ཡང་དག་འབའ་ཞིག་དེ་ཡིན་པ་ར་སྤྲོད་ཐུབ་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར། བློ་བརྟན་འགྱུར་མེད་ངང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་དང་། ངོ་བོའི་བླང་བྱ། རྩ་དོན་གལ་ཆེན་བཅས་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་ཁོང་དུ་ཆུད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་ཚད་ལས་འགན་དང་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ལ་དམ་འཛིན་ཡག་པོ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་པོ་དང་། གནད་ལ་འཁེལ་པོ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་དགོས་པའི་ལས་འགན་ཨང་དང་པོ་ཁོང་དུ་བརྟན་པོར་ཆུད་པ་བཅས་བྱས་ནས། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།
མཐུན་སྒྲིལ་འབད་འཐབ་ཀྱི་རྣམ་པར་བརྟེན་ནས་སྟོབས་ཤུགས་རླབས་པོ་ཆེ་གཅིག་ཏུ་སྒྲིལ་དགོས། མཐུན་སྒྲིལ་འབད་འཐབ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱི་བསམ་པའི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་ཡིན། ང་ཚོས་མཐུན་སྒྲིལ་འབད་འཐབ་བྱས་ནས་འོད་སྟོང་འཕྲོ་བའི་ལོ་རྒྱུས་བཏོད་ཡོད་ལ། མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཡང་གཏོད་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར། ངེས་པར་དུ་མཐུན་སྒྲིལ་འབད་འཐབ་མཐའ་འཁྱོངས་བྱེད་དགོས་པའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས། ང་ཚོས་བསམ་བློའི་ངོས་འཛིན་གཅིག་འགྱུར་དང་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ། མི་དམངས་མང་ཚོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་རྒྱ་ཁྱབ་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་དེ་བས་རང་འགུལ་གྱི་བསམ་པའི་ཉམས་འགྱུར་དང་དེ་བས་ཆེ་བའི་གསར་གཏོད་ཀྱི་སྟོབས་ཤུགས་ཆེན་པོ་འདོན་སྤེལ་བྱེད་པ། དེ་བས་མཐུན་སྒྲིལ་དམ་ཟབ་དང་དེ་བས་ཞུམ་མེད་འབད་འཐབ་བྱེད་པ། ལག་གདང་དཔུང་སྦྲེལ་གྱིས་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་ཀྱི་བྱ་གཞག་རླབས་པོ་ཆེ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འགོ་ཡག་པོ་འཛུགས་པ་དང་གོམ་པ་བརྟན་པོ་སྤོ་ཆེད་བོད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་དགོས།
རྩོམ་ཡིག་ནང་བསྟན་དོན།རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་འགུལ་དམག་འཐབ་ཡག་པོ་རྒྱག་དགོས་པའི་ཁར། སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་རྒྱལ་ཁབ་བདེ་འཇགས་དང་། སྤྱི་ཚོགས་བརྟན་ལྷིང་། མི་དམངས་བདེ་སྐྱིད་བཅས་ཡོང་བའི་འགན་ལེན་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་འཛུགས་གཏོད་བྱེད་སྒོ་གཏིང་ཟབ་སྤེལ་བ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པ་བྱེད་དགོས།
ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ་འཛུགས་གཏོད་བྱ་རྒྱུ་དེ་ལས་འགན་གལ་ཆེན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས། འཕེལ་རྒྱས་གང་རུང་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་དགོས་པ་དང་། ཚང་མར་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་གྱི་དོན་སྙིང་ལྡན་དགོས་པ། ཚང་མར་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་དགོས་པ། ཚང་མས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏོང་བར་ཕན་ཐོགས་པ་མཐའ་འཁྱོངས་བྱེད་དགོས། ཐོན་ལས་ཀྱི་གཙོ་གནད་མངོན་གསལ་དོད་པོ་དང་ནུས་ལྡན་གྱི་མ་དངུལ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། ལེགས་ཆ་འདོན་སྤེལ་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་ཤུགས་ཆེན་གཏོང་བ། གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ། མཐུན་སྦྱོར་མཉམ་འགུལ་དང་ས་ཁོངས་འཕེལ་རྒྱས་ཀྱི་བཀོད་པ་ལེགས་སུ་གཏོང་བ། གསོན་ཤུགས་ཆེ་རུ་དང་སྒྱུར་བཅོས་སྒོ་དབྱེ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ། ནུས་པ་ཆེ་རུ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དམ་འཛིན་ཏན་ཏིག་བཅས་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བྱེད་དགོས།
རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་བྱ་རྒྱུ་དེ་ནང་གནས་ཀྱི་བླང་བྱར་བརྩི་རྒྱུ་མཐའ་འཁྱོངས་བྱེད་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་འགན་ལེན་དང་། མཐའ་ཚད་ནན་སྲུང་དང་བེད་སྤྱོད་ནུས་ཆེ། བརྒྱུད་རིམ་ལྡན་པའི་ཇུས་འགོད་དང་གཙོ་གནད་ཚད་བརྒལ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས། རྒྱལ་ཁོངས་ཀྱི་བར་མཐོངས་བཀོད་སྒྲིག་བྱེད་སྟངས་ཚན་རིག་དང་མཐུན་པའི་ཇུས་འགོད་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གཙང་པོ་གཉིས་དང་ཆུ་བོ་བཞིའི་སྔོ་འགྱུར་ནགས་བཟོ་དང་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་མུ་མཐུད་ལག་ལེན་བསྟར་བ། གཙང་གསུམ་ཆུ་འགོའི་གདང་ལའི་བྱང་རྒྱུད་ཀྱི་ཡུག་ཁུལ་དང་། བྱང་ཐང་། ཇོ་མོ་གླང་མ། ཀའོ་ལི་ཀུང་རི་བོ། ཡར་ཀླུང་གཙང་པོའི་རོང་ཆེན་སོགས་རྒྱལ་ཁབ་སྤྱི་གླིང་སྐྲུན་མགྱོགས་སུ་གཏོང་བ། སྲུང་སྐྱོང་བྱེད་རིང་གསར་སྤེལ་དང་གསར་སྤེལ་བྱེད་རིང་སྲུང་སྐྱོང་དེ་བས་ལེགས་པ་བྱེད་པའི་དམིགས་ཚད་མངོན་འགྱུར་ཧུར་ཐག་བཅས་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་བྱེད་དགོས།
རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་བྱ་རྒྱུ་དེ་འཐབ་ཇུས་ཀྱི་ལས་འགན་དུ་མཐའ་འཁྱོངས་བྱེད་དགོས། དམག་དཔུང་འདུས་སྡོད་དང་མི་དམངས་བདེ་འཁོད་གལ་ཆེ་མཉམ་འཛིན་དང་། མཐའ་བརྟན་དང་མཐའ་དར་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་གོང་འཕེལ་བཏང་སྟེ། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ནུས་ཤུགས་ཡོད་རྒུས་ལེགས་སུ་གཏོང་དགོས། མི་འབོར་དང་དཔལ་འབྱོར་གྱི་འདེགས་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་མཐའ་སྲུང་གི་འགན་ལེན་ནུས་པ་ཆེ་རུ་ཤུགས་ཆེན་བཏང་ནས། མཐའ་བརྟན་མཐའ་དར་དམངས་ཕྱུག་གསུམ་གྱི་བྱ་སྤྱོད་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བྱེད་དགོས།
རྩོམ་ཡིག་གི་མཇུག་ཏུ་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱེད་པ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱེད་པ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་བྱས་ཡོད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གི༼ཏང་གི་རང་ངོས་གསར་བརྗེའི་རྣམ་བཤད༽སོཊ་དཔར་འགྲེམ་བྱས། ཞི་ཅིན་ཕིང་གི་གསུང་བཤད་འདིར་ལན་ཆ་བཟང་པོ་བྱུང་འདུག ཝང་ཅུན་ཀྲེང་གིས་བོད་དུ་རྟོག་ཞིབ་གནང་བར་ཕེབས་པའི་སྨན་བཅོས་ཆེད་ལས་མཁས་པའི་ཚོ་ཆུང་དང་བཞུགས་མོལ་གནང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་ཚོང་འགུགས་ལ་དམ་འཛིན་བྱེད་དགོས། དེང་རབས་ཅན་གྱི་བོད་གསར་སྐྲུན་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།