ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་ ༨༠ འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོའི་ཕྱོགས་བསྡོམས་ཚོགས་འདུ་པེ་ཅིང་དུ་འཚོགས།
ཞི་ཅིན་ཕིང་གིས་དྲན་གསོའི་བྱེད་སྒོའི་གྲབས་གཉེར་ལས་དོན་སྒྲུབ་མཁན་ཕྱོགས་ཁག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་།
ཚོགས་འདུའི་ཐོག་ཞི་ཅིན་ཕིང་གིས་དྲན་གསོའི་བྱེད་སྒོའི་སྐོར་ལ་གནང་བའི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་བྱས།
གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐད་བཀོད་སྒྲིག་བྱས།
ཚའེ་ཆི་མཇལ་འཕྲད་ནང་ཞུགས་པ་དང་འབྲེལ་ཕྱོགས་བསྡོམས་ཚོགས་འདུའི་ཐོག་གསུང་བཤད་གནང་།
ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་ ༨༠ འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོའི་ཕྱོགས་བསྡོམས་ཚོགས་འདུ་དེ་ཚེས ༡༧ ཉིན་གྱི་སྔ་དྲོ་པེ་ཅིང་དུ་འཚོགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོར་དྲན་གསོའི་བྱེད་སྒོའི་གྲབས་གཉེར་ལས་དོན་ནང་ཞུགས་མཁན་ཕྱོགས་ཁག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས་ཁོང་ཚོར་ཐུགས་རྗེ་ཆེ་ཞུས་ཤིང་འཚམས་འདྲི་གནང་བ་དང་། ཁོང་ཚོའི་དཀའ་སྤྱད་ངལ་རྩོལ་དང་གཟེངས་སུ་ཐོན་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་མ་ཟད། ཚང་མས་སྙིང་སྟོབས་ཆེར་སྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱས་ཏེ་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུར་སྐུལ་ལྕག་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། དྲན་གསོའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་ཚའེ་ཆི་མཇལ་འཕྲད་ནང་ཞུགས་པ་དང་འབྲེལ་ཕྱོགས་བསྡོམས་ཚོགས་འདུའི་ཐོག་གསུང་བཤད་གནང་ཡོད།
ཚེས ༡༧ ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་སྤྲོ་སེམས་རབ་ཏུ་འཁོལ་བའི་རྣམ་པས་ཁེངས་ཤིང་། ཆུ་ཚོད ༡༠ པ་ཡས་མས་སུ། ཞི་ཅིན་ཕིང་སོགས་དེ་གར་ཕེབས་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཡོད། ཞི་ཅིན་ཕིང་སོགས་ཀྱིས་ཚང་མར་བྱམས་བརྩེའི་ངང་ཕྱག་འཇུ་གནང་བ་མ་ཟད། ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་གནང་ཡོད།
ཉིན་ཤས་གོང་། ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཆེད་མངགས་དྲན་གསོའི་བྱེད་སྒོའི་ཕྱོགས་བསྡོམས་སྙན་ཞུ་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་ ༨༠ འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་ནི་སྒམ་བརླིང་གཟབ་རྒྱས་དང་། བརྗིད་ཉམས་ལྡན་པ། མི་སེམས་འགུལ་བ། འབད་འབུངས་ལ་སྐུལ་སློང་བཅས་ཀྱི་ལྗར་འགོག་དམག་འཁྲུག་གི་དྲན་གསོའི་མཛད་སྒོ་ཆེན་པོ་ཞིག་ཡིན་ཞིང་། དེས་ལྗར་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་སྔར་བས་དར་སྤེལ་བཏང་ཡོད་པ་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་དད་སེམས་དང་བློ་སྤོབས་སྔར་བས་བརྟན་དུ་བཏང་བ་མ་ཟད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བའི་འགན་འཁྲི་དང་འགན་ཁུར་སྔར་བས་མངོན་ཡོད་ཅེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། དྲན་གསོའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་དང་དེའི་ལས་དོན་སྒྲིག་གཞི་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཐོག ཐོག་མཐའ་བར་གསུམ་དུ་ཚད་གཞི་མཐོ་བ་དང་བླང་བྱ་ནན་པོ་རྒྱུན་འཁྱོངས་བྱས་ཤིང་། དངོས་གཉེར་དང་ཞིབ་ཚགས་པའི་སྤྱོད་ཚུལ་ཐོག་ནས་ལས་དོན་ལ་སྐུལ་འདེད་བཏང་སྟེ། ཏང་ཀྲུང་དབྱང་གིས་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གཟེངས་སུ་ཐོན་པའི་སྒོ་ནས་ལེགས་སྒྲུབ་བྱས་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། དྲན་གསོའི་བྱེད་སྒོས་སྐུལ་སྤེལ་བྱས་པའི་དྲང་ནུས་སྟོབས་ཆེན་བེད་སྤྱོད་གང་ལེགས་དང་། དྲན་གསོའི་བྱེད་སྒོའི་གསོན་ཉམས་ལྡན་པའི་རྒྱལ་གཅེས་རིང་ལུགས་ཀྱི་བསླབ་གཞི་འདི་རྒྱུན་མཐུད་ངང་བེད་སྤྱོད་ཡག་པོ་བྱས་ཐོག བྱེད་སྒོས་སྐུལ་སྤེལ་བྱས་པའི་ཡིད་ཆེས་དང་སྤོབས་སེམས། སྙིང་སྟོབས་བཅས་བེད་སྤྱོད་ཡག་པོ་དང་དར་སྤེལ་ཡག་པོ་གཏོང་བ་རྒྱུ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་བྱེད་པ་དང་ཟུང་འབྲེལ་དང་། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པ་དང་ཟུང་འབྲེལ་བྱས་ནས། བསྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལེགས་པར་སྒྲུབ་པའི་སྒུལ་ཤུགས་སྟོབས་ཆེན་ཞིག་ཏུ་བསྒྱུར་དགོས། ལྗར་འགོག་དམག་འཁྲུག་གི་ལོ་རྒྱུས་ལྟ་བ་དང་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་ལྟ་བ་ཡང་དག་རྒྱུན་འཛིན་དང་། ལོ་རྒྱུས་ཀྱི་བློ་སྤོབས་བརྟན་དུ་གཏོང་བ། ཀྲུང་གོ་གུང་ཁྲན་ཏང་གིས་མི་རིགས་ཡོངས་ལ་འགོ་ཁྲིད་ནས་དམངས་སེམས་གཅིག་མཐུན་དང་དཔའ་མཛངས་རྟུལ་ཕོད་ཀྱིས་ལྗར་འགོག་དམག་འཁྲུག་བརྒྱབ་པའི་རླབས་ཆེན་གྱི་རྒྱལ་ཁའི་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་པ། ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་ལངས་པ། ལོ་རྒྱུས་ཀྱི་རང་འགུལ་དམ་འཛིན་བཅས་བྱས་ནས། ལོ་རྒྱུས་དཔྱད་གཞིར་འཛིན་པའི་ཁྲོད་རྒྱུན་ཆད་མེད་པར་འབྱུང་འགྱུར་གསར་གཏོད་བྱ་དགོས། ཀྲུང་གོའི་ལྗར་འགོག་དམག་འཁྲུག་གི་གཏམ་རྒྱུད་དང་ཞི་བདེ་འཕེལ་རྒྱས་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་ནས། འཛམ་གླིང་ལ་ཀྲུང་གོ་ནི་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་སྲོལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་མཁན་ཡིན་པ་གསལ་སྟོན་བྱེད་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་གཞོལ་བའི་འགན་འཁུར་མཁན་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་སྟོན་དགོས། དྲན་གསོའི་བྱེད་སྒོ་གྲབས་གཉེར་གྱི་ཉམས་མྱོང་དང་བྱེད་སྟངས་ཕྱོགས་བསྡོམས་ནན་ཏན་བྱས་ཏེ། ཏང་ཆེན་པོ་དང་རྒྱལ་ཁབ་ཆེན་པོའི་མཛད་སྒོའི་ལམ་ལུགས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཚོགས་འདུའི་ཐོག་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་བརྒྱུད་བསྒྲགས་བྱས་ཡོད།
ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དྲན་གསོའི་བྱེད་སྒོའི་དོན་སྙིང་གལ་ཆེན་རྒྱས་བཤད་གཏིང་ཟབ་གནང་བ་དང་། སྒྲིག་འཛུགས་དང་གྲབས་གཉེར་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། བྱེད་སྒོའི་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱ་རྒྱུ་སོགས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད་པས། ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱ་དགོས། དྲན་གསོའི་བྱེད་སྒོར་གྲུབ་འབྲས་ཡག་པོ་ཐོབ་པའི་གཞི་རྩ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་ཡོད་པ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག ལས་ཁུངས་ཁག སྤྱི་ཚོགས་ལས་རིགས་ཁག མི་དམངས་མང་ཚོགས་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཡོད་པ་དེ་གཉིས་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དྲན་གསོའི་བྱེད་སྒོའི་གྲུབ་འབྲས་གལ་ཆེན་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་བ། རྗེས་མཐུད་ཀྱི་དྲན་གསོའི་བྱེད་སྒོ་ཡག་པོ་གཉེར་བ། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་དགོངས་དོན་ཐོག་སྔར་བས་གཅིག་གྱུར་ཡོང་བར་ཁྲིད་སྟོན་བཅས་བྱས་ཏེ། དྲན་གསོའི་བྱེད་སྒོས་སྐུལ་སྤེལ་བྱས་པའི་ཏང་གཅེས་རྒྱལ་གཅེས་ཀྱི་སྤྲོ་སེམས་དེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་དགོས་ཞེས་བསྟན་ཡོད།
དྲན་གསོའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་གཙོ་གཞོན་པ་ཝང་དབྱི་དང་། དབྱིན་ལི། ལི་ཧྲུའུ་ལེ། ཀྲང་ཡིའུ་ཞ། ཝང་ཞའོ་ཧུང་། ཝུའུ་ཀྲེན་ལུང་། ལིའུ་ཀྲེན་ལི་བཅས་བྱེད་སྒོར་ཞུགས་ཡོད། དྲན་གསོའི་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་། ལས་དོན་སྒྲིག་གཞི་ཁག་དང་འབྲེལ་ཡོད་ཕྱོགས་ཁག་གི་འགན་འཁུར་བློ་མཐུན། དེ་བཞིན་ལས་དོན་མི་སྣ་དང་། དམག་གཟིགས་དང་ལེན་དཔུང་སྡེའི་དཔོན་དམག བདེ་སྲུང་གི་འཐབ་ཕྱོགས་དང་པོའི་ལས་སྒྲུབ་མི་སྣ། འཁྲབ་སྟོན་མི་སྣ། དང་བླངས་པ། ཞབས་ཞུ་འགན་སྲུང་མི་སྣ། སྨྱན་སྦྱོར་ཚན་པའི་གསར་འགོད་པའི་འཐུས་མི་སོགས་བྱེད་སྒོར་ཞུགས་ཡོད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཁའེ་ལེ-ཙུའུ་ཐེའར་དང་ཤིས་འཕྲིན་གཏོང་རེས་གནང་བ། ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དབུ་ཚོགས་འདིར་ཞུགས་པ། བདེན་འཚོལ་དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།