ཞི་ཅིན་ཕིང་གིས་དཔལ་འབྱོར་སྤྱི་ཚོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས། རྒྱང་རིང་ལ་དམིགས་པ་དང་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ། སྒོ་འབྱེད་ཐབས་འདྲི། བློ་བསྡུས་དགེ་འཚོལ་བཅས་བྱས་ཏེ། གནས་ཚུལ་གསར་པར་ཞིབ་འཇུག་དང་འཆར་འགོད་གསར་པ་བཟོ་དགོས་ཞེས་ནན་སྟོན་གནང་བ།
སྤྱི་ཟླ ༨ པའི་ཚེས ༢༤ ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་དཔལ་འབྱོར་དང་སྤྱི་ཚོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་ཡོད་པ་རེད། ཁོང་གིས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ལོ་བརྒྱ་ཐམ་པ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་རྗེས། དུས་བསྟུན་འཕྲལ་སྒྲུབ་ཀྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པ་འགོ་འཛུགས་པ་དང་། ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་ལོ་ལྔ་དང་པོ་དེ་ཡིན་ཞིང་། རང་རྒྱལ་འདི་ཉིད་གོང་འཕེལ་གྱི་དུས་མཚམས་གསར་པར་སླེབས་རྒྱུ་རེད། བྱ་བ་གང་ཞིག་ཡིན་ཀྱང་གྲ་སྒྲིག་བྱས་ན་འགྲུབ་ཐུབ་པ་དང་། གྲ་སྒྲིག་མེད་ན་འགྲུབ་མི་ཐུབ། ང་ཚོས་རྒྱང་རིང་ལ་དམིགས་པ་དང་། འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་བྱས་ནས། སྒོ་དབྱེ་ཐབས་འདྲི་དང་བློ་བསྡུས་དགེ་འཚོལ་གྱིས་གནས་ཚུལ་གསར་པར་ཞིབ་འཇུག་དང་འཆར་འགོད་གསར་པ་བཟོ་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག པེ་ཅིང་སློབ་ཆེན་རྒྱལ་ཁབ་གོང་འཕེལ་ཞིབ་འཇུག་ཁང་གི་མཚན་འཛིན་ཡོན་ཀྲང་ལིན་དབྱི་ཧྥུ་དང་། ཀྲུང་གོའི་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧྥན་ཀང་། ཆིང་ཧྭ་སློབ་ཆེན་སྤྱི་པའི་དོ་དམ་སློབ་གླིང་གི་ཡོན་ཀྲང་ཅང་ཞའོ་ཅོན། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཚའེ་ཧྥང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སྤྱི་ཁོག་དཔལ་འབྱོར་ཞིབ་འཇུག་ཁང་གི་ཡོན་ཀྲང་ཝང་ཁྲང་ལིན། ཆིང་ཧྭ་སློབ་ཆེན་རྒྱལ་ཁབ་དངུལ་རྩ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཀྲུའུ་མིན། ཧྲང་ཧའེ་འགྲིམ་འགྲུལ་སློབ་ཆེན་ཨན་ཐའེ་དཔལ་འབྱོར་དང་དོ་དམ་སློབ་གླིང་གི་དམིགས་བསལ་གདན་ཞུས་དགེ་རྒན་ཆེ་མོ་བ་ལུའུ་མིང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་དཔལ་འབྱོར་དང་ཆབ་སྲིད་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཀྲང་ཡུས་ཡན། ཤང་ཀང་རྒྱའི་སྐད་ཡིག་སློབ་ཆེན་ཧྲེན་ཀྲེན་གྱི་གོ་ལ་ཧྲིལ་པོ་དང་དེང་རབས་ཀྱི་ཀྲུང་གོའི་མཐོ་རིམ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཀྲེན་ཡུང་ཉན་སོགས་རིགས་གཅིག་མཁས་པའི་འཐུས་མི་དགུས་སྔ་རྗེས་སུ་གཏམ་བཤད་སྤེལ་ནས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་སྒྲིག་བཟོ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན་ཡོད་པ་རེད།
ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། རིགས་གཅིག་མཁས་པ་དང་རིག་གནས་པ་ཚོས་གཏམ་བཤད་ཡག་པོ་གནང་སོང་། རང་སོ་སོའི་ཆེད་ལས་ཁྱབ་ཁོངས་ནས་འགོ་བཙུགས་ཏེ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་གོང་འཕེལ་ཁོར་ཡུག་དང་། བསམ་ཕྱོགས། ལས་འགན། བྱེད་ཐབས་བཅས་ལ་རིན་ཐང་ཧ་ཅང་ཆེ་བའི་བསམ་འཆར་དང་གྲོས་འགོ་བཏོན་གནང་སོང་། ཚོགས་འདུར་ཞུགས་མཁན་རིགས་གཅིག་མཁས་པ་གཞན་དག་གིས་ཡིག་ཐོག་གི་གཏམ་བཤད་ཕུལ་ཡོད་པས། འབྲེལ་ཡོད་ཕྱོགས་ཀྱིས་ཞིབ་འཇུག་དང་བསྡུ་ལེན་གནང་རོགས་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། རྩོད་སྒྲུབ་ཀྱི་བསམ་བློ་གཏོང་སྟངས་ལ་བརྟེན་ནས་གོང་འཕེལ་གྱི་དུས་མཚམས་གསར་པའི་གོ་སྐབས་གསར་པ་དང་འགྲན་སློང་གསར་པར་ལྟ་སྟངས་འཛིན་དགོས། དེང་སྐབས་ཀྱི་འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད། ཏོག་གསར་གློ་ཚད་རིམས་ནད་དེ་འཛམ་གླིང་ཡོངས་སུ་འགོས་ཁྱབ་ཆེན་པོ་ཕྱིན་པ་དེས་གནས་བབ་ཧྲིལ་པོར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། རྒྱལ་སྤྱིའི་དཔལ་འབྱོར་དང་། ཚན་རྩལ། རིག་གནས། བདེ་འཇགས། ཆབ་སྲིད་སོགས་ཀྱི་རྣམ་པ་ལེགས་སྒྲིག་གཏིང་ཟབ་བྱུང་ཡོད། རྒྱལ་ནང་གི་གོང་འཕེལ་ཁོར་ཡུག་ལའང་འགྱུར་ལྡོག་གཏིང་ཟབ་འབྱུང་བཞིན་ཡོད། རང་རྒྱལ་འདི་ཉིད་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་དུས་མཚམས་སུ་སླེབས་པ་དང་། སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དེ་མི་དམངས་ཀྱིས་དགའ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བཞིན་པ་དང་གོང་འཕེལ་དོ་སྙོམས་མེད་པ་དང་འདང་ངེས་མེད་པའི་བར་གྱི་འགལ་ཟླར་གྱུར་ཡོད་ཅིང་། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་ཡོད། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་གནས་བབ་ཧྲིལ་པོ་དང་འཛམ་གླིང་ཐོག་ལོ་བརྒྱར་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོར་གཅིག་གྱུར་འཆར་འགོད་བྱེད་པ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འཕེལ་རྒྱས་དང་འགྱུར་ལྡོག་ལས་བྱུང་བའི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པར་ངོས་འཛིན་གཏིང་ཟབ་བྱེད་པ། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ལས་བྱུང་བའི་འགལ་ཟླ་གསར་པ་དང་འགྲན་སློང་གསར་པར་ངོས་འཛིན་གཏིང་ཟབ་བྱེད་པ། གོ་སྐབས་ཀྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ། ཡང་དག་པའི་སྒོ་ནས་འགྱུར་ལྡོག་ཤེས་པ་དང་། ཚན་རིག་དང་མཐུན་པའི་ངང་འགྱུར་ལྡོག་ལ་ཁ་གཏད་གཅོག་པ། རང་འགུལ་ངང་འགྱུར་ལྡོག་ཡོང་ཐབས་བྱེད་པ། རླུང་འདེགས་གྲུ་གཟིངས་གཏོང་ཕོད་པ་དང་། ཉེན་ཁ་གོ་སྐབས་སུ་འགྱུར་མཁས་པ་བཅས་བྱས་ཏེ། སྤུས་ཚད་སྔར་ལས་མཐོ་བ་དང་། ལས་ཆོད་སྔར་ལས་ཆེ་བ། དྲང་གཞག་སྔར་ལས་ཆེ་བ། རྒྱུན་མཐུད་སྔར་ལས་རུང་བ། བདེ་འཇགས་སྔར་ལས་ཆེ་བ་བཅས་ཀྱི་གོང་འཕེལ་ཡོང་རྒྱུར་འབད་བརྩོན་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ཤར་གཏོང་ཐུབ་པ་བྱ་རྒྱུས་གཙོ་བོ་བྱས་ཏེ་གོང་འཕེལ་གྱི་རྣམ་པ་གསར་པ་གཏོད་དགོས། རྒྱལ་ནང་གི་འཁོར་སྐྱོད་ཆེན་པོས་གཙོ་བོ་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཀྱིས་ཕན་ཚུན་སྐུལ་འདེད་གཏོང་བའི་གོང་འཕེལ་གྱི་གནས་བབ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་རང་རྒྱལ་གྱི་གོང་འཕེལ་དུས་མཚམས་དང་། ཁོར་ཡུག ཆ་རྐྱེན་བཅས་ཀྱི་འགྱུར་ལྡོག་ལ་གཞིགས་ནས་བཏོན་པ་ཞིག་ཡིན་པ་དང་། རང་རྒྱལ་གྱི་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཀྱི་བཟང་ཆ་གསར་པ་བསྐྱར་འཛུགས་བྱེད་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན། ང་ཚོས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་བྱེད་པའི་འཐབ་ཇུས་ཀྱི་ཁ་ཕྱོགས་འདི་རྒྱུན་འཁྱོངས་བྱེད་པ་དང་། ནང་མཁོ་རྒྱ་སྐྱེད་གཏོང་རྒྱུའི་འཐབ་ཇུས་ཀྱི་གཞི་གནས་འདི་དམ་པོར་བཟུང་སྟེ། ཐོན་སྐྱེད་དང་། བགོ་འགྲེམ། འཁོར་རྒྱུག འཛད་སྤྱོད་བཅས་སྔར་ལས་མང་བ་རྒྱལ་ནང་གི་ཁྲོམ་རར་བརྟེན་ཐུབ་པ་བྱ་དགོས་པ་དང་། མཁོ་སྤྲོད་མ་ལག་གིས་རྒྱལ་ནང་གི་དགོས་མཁོར་འཚམ་ཚད་ཆེ་རུ་གཏོང་བ། དགོས་མཁོས་མཁོ་སྤྲོད་ལ་སྣེ་ཁྲིད་དང་། མཁོ་སྤྲོད་ཀྱིས་དགོས་མཁོ་གསར་སྐྲུན་བྱེད་པའི་ཆུ་ཚད་སྔར་ལས་མཐོ་བའི་འགུལ་རྣམ་དོ་མཉམ་ཞིག་ཆགས་པ་བྱེད་དགོས། གོང་འཕེལ་གྱི་རྣམ་པ་གསར་པ་ནི་བཀག་སྡོམ་བྱེད་པའི་རྒྱལ་ནང་འཁོར་རྒྱུག་ཅིག་གཏན་ནས་མིན་པར། སྒོ་འབྱེད་ཀྱི་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་སྐྱོད་གཉིས་ཡིན། འཛམ་གླིང་གི་དཔལ་འབྱོར་ཁྲོད་དུ་རང་རྒྱལ་གྱི་གོ་གནས་མུ་མཐུད་དུ་ཇེ་མཐོར་འགྲོ་བཞིན་ཡོད་པ་དང་། འཛམ་གླིང་གི་དཔལ་འབྱོར་དང་འབྲེལ་བ་སྔར་བས་དམ་ཟབ་ཏུ་འགྲོ་བཞིན་ཡོད་པ་དེས། རྒྱལ་ཁབ་གཞན་དག་ལ་ཁྲོམ་རའི་གོ་སྐབས་སྔར་བས་མང་བ་མཁོ་འདོན་ཐུབ་རྒྱུ་དང་། རྒྱལ་སྤྱིའི་ཚོང་ཟོག་དང་རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ཡིད་འགུག་བྱེད་ཤུགས་ཆེན་པོ་ཞིག་ཏུ་འགྱུར་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། ཚན་རྩལ་གསར་གཏོད་ལ་བརྟེན་ནས་གོང་འཕེལ་གྱི་སྒུལ་ནུས་གསར་པ་ཐོན་པ་བྱེད་དགོས། སྤུས་ཚད་མཐོ་བའི་གོང་འཕེལ་མངོན་འགྱུར་ཡོང་བར་ངེས་པར་དུ་གསར་གཏོད་ལ་བརྟེན་ནས་སྐུལ་ཁྲིད་བྱེད་པའི་ནང་དོན་རྣམ་པའི་འཕར་སྣོན་མངོན་འགྱུར་ཡོང་རྒྱུར་བརྟེན་པ་དང་། རང་རྟེན་གསར་གཏོད་ནུས་པ་གོང་མཐོར་ཤུགས་ཆེན་བཏང་ནས་འགག་རྩའི་སྲོག་ཤིང་ལག་རྩལ་གང་མགྱོགས་འགག་གཏོར་ཐུབ་པ་བྱེད་དགོས། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་དོན་ཆེན་སྒྲུབ་པའི་མངོན་གསལ་དོད་པའི་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་གཏོར་དམག་འཐབ་ཡག་པོ་རྒྱག་པ། ལག་རྩལ་གསར་པ་གང་མགྱོགས་གཞི་ཁྱོན་ཆེན་པོས་བེད་སྤྱོད་དང་རིམ་འཇུག་རིམ་སྤར་ལ་ཕན་ཐོགས་ཡོད་པའི་ཐུན་མིན་བཟང་ཆ་བསྐྲུན་པ། ཚན་རྩལ་གྲུབ་འབྲས་ཐོན་སྐྱེད་ནུས་ཤུགས་ལ་བརྗེ་སྒྱུར་བྱ་རྒྱུ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ཐོན་ལས་འབྲེལ་ཐག་གི་ཆུ་ཚད་མཐོ་རུ་གཏོང་དགོས། ཁེ་ལས་ཀྱིས་ལག་རྩལ་གསར་གཏོད་ཁྲོད་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་བྱས་ཏེ། ཁེ་ལས་དེ་གསར་གཏོད་ཀྱི་རྒྱུ་རྐྱེན་གཅིག་སྡུད་དང་ཚན་རྩལ་གྲུབ་འབྲས་བརྗེ་སྒྱུར་གྱི་གསོན་ཤུགས་དམག་ལ་འགྱུར་བ་བྱེད་དགོས། རྒྱལ་སྤྱིའི་ཤེས་ལྡན་མི་སྣ་རྩེ་གྲ་དང་ཚན་ཞིབ་ཚོགས་པ་གསོ་སྐྱོང་ཤུགས་ཆེན་དང་ནང་འདྲེན་བྱེད་པ་དང་། ཚན་ཞིབ་ལས་ཁུངས་ཀྱི་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། ཚད་གཞི་ཆེ་ཤོས་ཐོག་ནས་ཚན་ཞིབ་མི་སྣའི་ཧུར་སེམས་སྐུལ་སློང་བྱེད་དགོས། སྒོ་དབྱེའི་གསར་གཏོད་རྒྱུན་འཁྱོངས་དང་རྒྱལ་སྤྱིའི་ཚན་རྩལ་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། སྒྱུར་བཅོས་ཟབ་གཏོང་གིས་གོང་འཕེལ་གྱི་གསོན་ཤུགས་གསར་པ་འཕེལ་བ་བྱེད་དགོས། རང་རྒྱལ་འདི་ཉིད་གོང་འཕེལ་གྱི་དུས་མཚམས་གསར་པར་སླེབས་པ་དང་བསྟུན་ནས། སྒྱུར་བཅོས་ལ་ལས་འགན་གསར་པ་ཡོད་པས་ངེས་པར་དུ་བློ་སྟོབས་སྔར་བས་ཆེ་བ་དང་བྱ་ཐབས་དེ་བས་མང་བའི་ཐོག་ནས་བང་རིམ་ཟབ་པའི་ལམ་ལུགས་དང་སྒྲིག་གཞིའི་འགོག་རྐྱེན་སེལ་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། དྲང་སྲུང་གསར་གཏོད་དང་གསར་འབྱེད་གསར་གཏོད་བྱས་ཏེ། བློ་ཁོག་ཆེན་པོས་རང་ཉིད་ཀྱི་འབྱུང་འགྱུར་གོང་འཕེལ་གྱི་འགྲོ་ལམ་འཚོལ་ཞིབ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཁྲོམ་རས་ཐོན་ཁུངས་ཆ་སྦྱོར་ཁྲོད་ཐག་གཅོད་རང་བཞིན་གྱི་ནུས་པ་ཐོན་པ་དང་སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་ཐོན་པ། ཡུན་རིང་བརྟན་ལ་སྔོན་དཔག་ཐུབ་པའི་ལམ་ལུགས་ཀྱི་ཁོར་ཡུག་གཏོད་དགོས། ཐོན་དབང་དང་ཤེས་བྱའི་ཐོན་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་གཏོད་པ། གཞུང་དྲང་གི་འགྲན་རྩོད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཁྲོམ་རའི་བྱེད་པོའི་གོང་འཕེལ་གྱི་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་ལ་ཕན་ཐོགས་ཡོད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡོད་ཚད་རྒྱུན་མ་ཆད་པ་བྱེད་དགོས་པའི་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་བརྟེན་ནས་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཀྱི་བཟང་ཆ་གསར་པ་གཏོད་དགོས། རྒྱལ་སྤྱིའི་དཔལ་འབྱོར་མཉམ་འབྲེལ་དང་འགྲོ་འོང་ནི་སྔར་བཞིན་འཛམ་གླིང་དཔལ་འབྱོར་གོང་འཕེལ་གྱི་དོན་དངོས་བླང་བྱ་ཡིན། རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་གོང་འཕེལ་མགྱོགས་པོ་བྱུང་བའི་སྒུལ་ཤུགས་གལ་ཆེན་ཞིག་ནི་ཕྱི་ཕྱོགས་སྒོ་དབྱེ་ཡིན། ཕྱི་ཕྱོགས་སྒོ་དབྱེ་ནི་གཞི་རྩའི་རྒྱལ་ཇུས་ཡིན་པས། ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་བཙུགས་ཏེ། རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཀྱི་བཟང་ཆ་གསར་པ་འགྲུབ་པ་བྱེད་དགོས། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་གི་སྒྱུར་བཅོས་ནང་ཧུར་ཐག་ཞུགས་ཏེ། སྔར་བས་གཞུང་དྲང་ལུགས་མཐུན་གྱི་རྒྱལ་སྤྱིའི་དཔལ་འབྱོར་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། མཉམ་དུ་འཛུགས་སྐྲུན་དང་མཉམ་དུ་བཅོས་སྐྱོང་། མཉམ་དུ་ལོངས་སྤྱོད་བཅས་ལ་བརྟེན་ནས་སྤྱི་ཚོགས་གོང་འཕེལ་གྱི་རྣམ་པ་གསར་པ་རྒྱ་སྐྱེད་གཏོང་དགོས། སྔར་བས་འཐུས་སྒོ་ཚང་བ་དང་སྔར་བས་སྤུས་ཚད་མཐོ་བའི་ལས་ཞུགས་མངོན་འགྱུར་ཡོང་བ་དང་། ཁྱོན་ཡོངས་ལ་ཁྱབ་པ་དང་རྒྱུན་མཐུད་ཡིན་པའི་སྤྱི་ཚོགས་འགན་བཅོལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་དང་ནད་ཡམས་ཚོད་འཛིན་མ་ལག་ཤུགས་ཆེར་གཏོང་བ། མི་འབོར་ཡུན་རིང་དོ་སྙོམས་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཀྱི་འགལ་ཟླ་སེལ་བ། སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་སྲུང་སྐྱོང་བྱ་དགོས། མཉམ་དུ་འཛུགས་སྐྲུན་དང་། མཉམ་དུ་བཅོས་སྐྱོང་། མཉམ་དུ་ལོངས་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱེད་པ། སྤྱི་ཚོགས་ཀྱི་གཞུང་དྲང་དྲང་བདེན་ལ་སྲུང་སྐྱོང་བྱ་རྒྱུར་སྣང་ཆེན་བཅས་བྱས་ཏེ། མིའི་ཁྱོན་ཡོངས་གོང་འཕེལ་དང་སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། རིགས་གཞུང་གི་འབྱུང་ཁུངས་ནི་ལག་ལེན་ཡིན་ལ། རིགས་གཞུང་གིས་ལག་ལེན་ལ་མཛུབ་ཁྲིད་ཀྱང་བྱེད་ཀྱི་ཡོད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ང་ཚོས་གསོན་ཉམས་ལྡན་པའི་ལག་ལེན་གསར་པར་དུས་ཐོག་ཏུ་ཕྱོགས་སྡོམ་བྱས་པ་དང་། རིགས་གཞུང་གསར་གཏོད་ལ་སྐུལ་འདེད་ཟམ་མི་ཆད་པ་བཏང་བ། གོང་འཕེལ་གྱི་འདུ་ཤེས་དང་། དབང་བའི་ལམ་ལུགས། བགོ་འགྲེམས་སྒྲིག་གཞི། སྲིད་གཞུང་གི་འགན་ནུས། ཁྲོམ་རའི་སྒྲིག་གཞི། སྤྱི་ཁོག་སྙོམ་སྒྲིག་ཚོད་འཛིན། ཐོན་ལས་གྲུབ་ཆ། ཁེ་ལས་ཀྱི་བཅོས་སྐྱོང་གྲུབ་གཞི། དམངས་འཚོ་འགན་སྲུང་། སྤྱི་ཚོགས་བཅོས་སྐྱོང་སོགས་གནད་དོན་གལ་ཆེ་རིགས་ཐད་ཆོད་སྡོམ་གལ་ཆེན་མང་པོ་ཞིག་བཏོན་ཡོད། དུས་རབས་ཀྱི་བརྗོད་གཞི་ནི་རིགས་གཞུང་གསར་གཏོད་ཀྱི་སྐུལ་ཁྲིད་ནུས་པ་ཡིན། དུས་རབས་གསར་པའི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་གྱི་ཕུན་སུམ་ཚོགས་པའི་ལག་ལེན་ནི་རིགས་གཞུང་དང་སྲིད་ཇུས་ཞིབ་འཇུག་གི་ནུས་ཁུངས་ལྟ་བུ་ཞིག་ཡིན་པས། རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་ཁྱབ་ཁོངས་ཀྱི་རིགས་གཞུང་ལས་དོན་པར་ལས་ཀ་བྱེད་གཞི་ཆེན་པོ་ཡོད། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་རྒྱུན་འཁྱོངས་དང་། རྒྱལ་ཚུལ་ལ་གཞིགས་རྒྱུ་རྒྱུན་འཁྱོངས་བྱེད་པ། དོན་དངོས་གནས་ཚུལ་ལ་ལན་ཆ་གང་ལེགས་བྱེད་པ། ཕྱི་ཚུལ་བརྒྱུད་དེ་ངོ་བོར་བལྟ་བ། རྒྱལ་སྤྱིའི་གཟིགས་རྒྱང་གཏོད་པ་བཅས་བྱས་ཏེ། རིགས་གཞུང་དང་སྲིད་ཇུས་གསར་གཏོད་ཀྱི་སྔོན་ཐོན་རང་བཞིན་དང་ཚན་རིག་རང་བཞིན་གང་ལེགས་མངོན་པ་བྱེད་དགོས་ཞེས་གསུངས་པ་རེད།
ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཧོང་ཁུན་མིང་། ཞའོ་ཅེ། ཧོ་ལེ་ཧྥེང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་རིགས་གཅིག་མཁས་པ། རིག་གནས་པ་བཅས་ཀྱི་འཐུས་མི་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་ནས་འབྲུབ་འགོག་གནོད་སེལ་ཐད་ཀྱི་སྙན་ཞུ་གསན་པ། ཞི་ཅིན་ཕིང་གིས་མཱ་ཀང་ཚོགས་པར་སྐུལ་ལྕག་འདི་འདྲ་གནང་འདུག ཞི་ཅིན་ཕིང་གིས་ཧོ་ཧྥེ་རུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ། ཞི་ཅིན་ཕིང་ཨན་ཧུའེ་རུ་རྟོག་ཞིབ་གནང་བར་ཕེབས་པ། ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྨན་དོན་ལས་དོན་མི་སྣར་དུས་ཆེན་གྱི་བཀྲ་ཤིས་བདེ་ལེགས་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ།