གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་སྤྱི་ལོ ༢༠༢༡ ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་གནང་བ།

སྤེལ་དུས་: 2021ལོ་01ཟླ་05ཚེས་ 17:43 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ལོ་གསར་གྱི་སྔ་ནུབ་ཏུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་དྲ་སྦྲེལ་བརྒྱུད ༢༠༢༡ ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་པ་རེད། ཤིས་ཚིག་གི་ནང་དོན་ཆ་ཚང་གཤམ་གསལ་ཏེ།

ལྷན་རྒྱས་སྐུ་ཁམས་བཟང་། སྤྱི་ལོ ༢༠༢༡ ལོ་འཆར་ལ་ཉེ་བའི་མཚམས་འདིར། ངས་པེ་ཅིང་ནས་ཚང་མར་ལོ་གསར་པའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན།

སྤྱི་ལོ ༢༠༢༠ ལོ་ནི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ཞིག་རེད། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། ང་ཚོས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་རྩ་བའི་རྩེ་ལ་ཁྱེར་ནས་མི་ཡུལ་གྱི་བརྩེ་བ་ཆེན་མོར་འགྲེལ་བཤད་བརྒྱབ་པ་དང་། ཀུན་སེམས་གཅིག་སྒྲིལ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་རིམས་འགོག་གི་ལོ་རྒྱུས་སྙན་ངག་བརྩམས་ཡོད། དུས་ངལ་མཉམ་སེལ་བྱེད་རིང་། འཆི་ཉེན་ལ་མི་སྐྲག་པར་མདུན་དུ་སྐྱོད་པའི་སྤོབས་སེམས་ཡོད་པ་དང་། ཞུམ་པ་མེད་པའི་བརྟན་སྲུང་གི་འདུ་ཤེས་ཡོད་པ། དཀའ་སྡུག་མཉམ་མྱོང་གི་འགན་སེམས་ཡོད་པ། དཔའ་ངར་ཞུམ་མེད་ཀྱི་བློས་གཏོང་ཡོད་པ། ལྟ་རེས་སྐྱོང་རེས་བྱས་ནས་སེམས་འགུལ་ཐེབས་པར་བྱས་ཡོད། གོས་དཀར་ལྷ་རྗེ་ནས་མི་དམངས་བུ་ཕྲུག་དམག་བར་དང་། ཚན་ཞིབ་མི་སྣ་ནས་སྡེ་ཁུལ་གྱི་ལས་དོན་པའི་བར། དང་བླངས་པ་ནས་ལས་གྲྭ་འཛུགས་སྐྲུན་པའི་བར། བགྲེས་སོང་ནས་ལོ་རབས་དགུ་བཅུ་ནང་སྐྱེས་དང་ཉིས་སྟོང་ནང་སྐྱེས་ཀྱི་གཞོན་ནུ་མི་རབས་བར་བཅས་མི་གྲངས་ལས་འདས་པས། སྲོག་ཉེན་ལ་མ་འཛེམས་པར་ལས་འགན་སྒྲུབ་པར་བསྐྱོད་པ་དང་གཅེས་སེམས་ཆེན་པོས་དམངས་ལ་སྲུང་སྐྱོབ་བྱས་ཏེ། ཆུ་ཐིགས་བསགས་ནས་རྒྱ་མཚོ་ཆགས་པའི་དཔེ་ལྟར་གྱི་རླབས་ཆེན་སྟོབས་ཤུགས་ལ་བརྟེན་ནས་ཚེ་སྲོག་སྲུང་བའི་ཟངས་གྱང་ལྕགས་རྩིག་བརྟན་པོ་བསྐྲུན་ཡོད། བདེན་དོན་གྱི་ཆེད་དུ་ཕྱིར་བཤོལ་མི་བྱེད་པའི་མི་སྣ་རེ་རེ་དང་། ཡིད་སེམས་གཅིག་མཐུན་གྱི་སྟོབས་ཤུགས་འགྲིལ་ཐེངས་རེ་རེ། མི་སེམས་འགུལ་བའི་རྣམ་པ་རེ་རེ་བཅས་ཀྱིས་རླབས་ཆེན་རིམས་འགོག་སྙིང་སྟོབས་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། སྤྱིར་བཏང་གི་ཁྲོད་ནས་རླབས་ཆེན་ཐོན་པ་དང་མི་དམངས་ཀྱི་ཁྲོད་ནས་དཔའ་བོ་ཐོན། ཚང་མ་ནི་དཔེ་མི་སྲིད་པའི་ཡག་པོ་ཤ་སྟག་རེད། སྟབས་མ་ལེགས་པར་ནད་གཞི་འགོས་པའི་ནད་པ་རྣམས་ལ་སེམས་གསོ་འཚམས་འདྲི་བྱ་རྒྱུ་དང་ཕལ་པའི་དཔའ་བོ་རྣམས་ལ་གུས་འདུད་ཞུ་རྒྱུ་ཡིན། ངས་རླབས་ཆེན་གྱི་མེས་རྒྱལ་དང་མི་དམངས་སྤོབས་པར་བརྩི་ཡི་ཡོད་ལ། འབད་འཐབ་ཆེར་སྐྱེད་ཀྱི་མི་རིགས་ཀྱི་སྙིང་སྟོབས་དེའང་གཟི་བརྗིད་ཅིག་ལ་བརྩི་ཡི་ཡོད།

དཀའ་བའི་དུས་སུ་དཔའ་མཛངས་མངོན། ཞུན་བརྡར་བཅད་པས་འབྲས་བཟང་སྨིན། ང་ཚོས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ཐོག རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་པར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ལོ་ལྔ་ཚན་བཅུ་གསུམ་པ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཟིན་པ་དང་ལོ་ལྔ་ཚན་བཅུ་བཞི་པ་ཁྱོན་ཡོངས་ནས་འཆར་འགོད་བྱེད་འགོ་ཚུགས། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་གང་མགྱོགས་གཏོད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལག་བསྟར་གཏིང་ཟབ་བྱེད་བཞིན་ཡོད། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཙོ་བོའི་ཁྲོད་རང་རྒྱལ་ལ་སྔོན་དུ་དངོས་འཕར་བྱུང་ཞིང་། སྔོན་དཔག་བྱས་ན ༢༠༢༠ ལོར་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་བརྒྱ་ལྷག་ཙམ་ཟིན་པའི་སྐས་རིམ་གསར་པར་སླེབས་ངེས་ཡིན་པ་དང་། འབྲུ་རིགས་ཐོན་སྐྱེད་ལ་ལོ་བཅུ་བདུན་བསྟུད་མར་ལོ་ལེགས་བྱུང་བ། ཐེན་ཝུན་རྟགས་ཅན་ཨང་དང་པོ་དང་། ཟླ་བའི་ལྷ་མོ་རྟགས་ཅན་ཨང་ལྔ་པ། འབད་འཐབ་པ་རྟགས་ཅན་སོགས་ཚན་རིག་འཚོལ་ཞིབ་ཚད་ལེན་ལ་ཚད་བརྒལ་ཆེན་པོ་བྱུང་བ། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་འཛུགས་སྐྲུན་ཚ་ཚ་འུར་འུར་ངང་བྱེད་བཞིན་ཡོད། ང་ཚོས་ད་དུང་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཚབས་ཆེན་བཀག་འགོག་བྱས་པ་དང་། རྒྱ་ཆེའི་དམག་དམངས་ཀྱིས་དཀའ་ཉེན་ལ་མ་འཛེམས་པར་ཕྱར་བ་གྲུ་འདེགས་ངང་འབྲུབ་འགོག་གེགས་སེལ་བྱས་ཏེ། གྱོང་གུན་ཕོག་ཚད་གང་ཐུབ་ཅི་ཐུབ་ཀྱིས་དམའ་རུ་བཏང་ཡོད། ངས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས ༡༣ ལ་རྟོག་ཞིབ་བྱེད་པར་སྐྱོད་སྐབས། ཚང་མས་རིམས་འགོག་གི་བྱ་ཐབས་དོན་འཁྱོལ་ཚགས་ཚུད་པོ་བྱེད་པ་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པ། ནུས་ཤུགས་ཡོད་རྒུས་གསར་སྐྲུན་གསར་གཏོད་བྱེད་པ། ཀྲུང་གོའི་ས་གཞི་ཆེན་པོར་བློ་སྤོབས་ཆེར་སྐྱེད་དང་རང་སྟོབས་འཕེལ་བ། སེམས་ཤུགས་ཆེ་བ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་རྣམ་པ་མཐོང་བས་དགའ་ཚོར་ཆེན་པོ་བྱུང་།

སྤྱི་ལོ ༢༠༢༠ ལོར། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་ལོ་རྒྱུས་རང་བཞིན་གྱི་རླབས་ཆེན་གྲུབ་འབྲས་ཐོབ་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པར་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད། ང་ཚོས་ཤིན་ཏུ་དབུལ་བའི་བཙན་རྫོང་གཏོར་ཆེད་འབད་བརྩོན་བྱས་ནས་ཆེས་དཀའ་ཚེགས་ཆེ་བའི་འགག་གནད་བསལ་ཡོད། དུས་ཡུན་ལོ་བརྒྱད་བརྒྱུད། ད་ལྟའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དུང་ཕྱུར་གཅིག་ཙམ་ཚང་མ་དབུལ་སྒྲོལ་བྱུང་བ་དང་རྫོང་དབུལ་པོ ༨༣༢ ཚང་མའི་དབུལ་ཞྭ་ཕུད་ཡོད། ལོ་འདི་དག་རིང་། ང་རང་རྒྱལ་ཡོངས་ཀྱི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ ༡༤ ལ་བསྐྱོད་པ་ཡིན། ཡུལ་མི་ཚོར་ཡུས་ཀུང་གིས་རི་བོ་སྤོ་བའི་སྙིང་སྟོབས་ལྡན་པ་དང་རྒྱ་ཆེའི་དབུལ་སྐྱོར་ལས་བྱེད་པས་ཡོད་ཚད་ལེགས་སྐྱེས་སུ་འབུལ་བའི་རྣམ་པ་རྟག་ཏུ་བློར་འཁོར་གྱི་འདུག ང་ཚོས་ལྷ་ཤིང་ཤུག་པ་བྲག་ལ་བཙུགས་པ་ལྟར། ཏན་ཏན་ཏིག་ཏིག་ངང་བྱ་བ་ཧུར་ཐག་བསྒྲུབས་ཏེ། གྲོང་གསེབ་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་ཧུར་ཐག་གཏོད་དགོས་པ་དང་ཐུན་མོང་འབྱོར་ཕྱུག་གི་དམིགས་ཚད་ཕྱོགས་སུ་བརྟན་པོའི་ངང་མདུན་སྐྱོད་བྱེད་དགོས།

ད་ལོ། ང་ཚོས་ཧྲེན་ཀྲེན་སོགས་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ ༤༠ འཁོར་བ་དང་ཧྲང་ཧའེ་ཡི་ཕུའུ་ཏུང་གསར་སྤེལ་སྒོ་དབྱེ་བྱས་ནས་ལོ ༣༠ འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཡོད། དཔྱིད་དཔལ་རབ་ཏུ་བཞད་པའི་ལྷོ་རྒྱ་མཚོའི་ངོགས་དང་མཚར་སྡུག་རྣམ་པར་བཀྲ་བའི་ཧོང་ཕུའུ་ཅང་གཙང་འགྲམ་ནས་མི་རྣམས་ལ་ཚོར་སྣང་སྣ་ཚོགས་དུས་གཅིག་ཏུ་ཤར་ཞིང་། སྔོན་ལ་སྐྱོད་པ་དང་སྔོན་ལ་ཚོད་ལྟ་བྱེད་པ་དེ་དཔེ་སྟོན་གྱི་སྣེ་ཁྲིད་ལ་གྱུར་པ་དང་འཚོལ་ཞིབ་གསར་གཏོད་དེ་གསར་གཏོད་ཀྱི་ཁྲིད་སྟོན་ལ་གྱུར་ཡོད། སྒྱུར་བཅོས་སྒོ་དབྱེས་འཕེལ་རྒྱས་ཀྱི་ངོ་མཚར་བཏོད་པ་མ་ཟད། སླད་ཕྱིན་ད་དུང་བློ་གཤོགས་སྔར་བས་ཆེན་པོས་སྒྱུར་བཅོས་ཟབ་ཏུ་དང་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས། དཔྱིད་ཀྱི་གཏམ་རྒྱུད་དེ་བས་མང་བ་མུ་མཐུད་བརྩམ་རྒྱུ་རེད།

ཀུན་སྤྱོད་ལེགས་ན་ཁེར་རྐྱང་ལུས་མི་སྲིད། གནམ་འོག་ཁྱིམ་ཚང་གཅིག་ལྟར་མཐུན་པར་གནས། ལོ་གཅིག་རིང་གི་དཀའ་ཚེགས་བརྒྱུད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་དོན་སྙིང་ལ་ང་ཚོར་དུས་སྐབས་གང་འདྲ་ཞིག་ལས་ཀྱང་མྱོང་ཚོར་ཟབ་པ་བྱུང་ཡོད། ངས་རྒྱལ་སྤྱིའི་གྲོགས་པོ་གསར་རྙིང་དབར་གླེང་མོལ་ཐེངས་མང་བྱེད་སྐབས་དང་དྲ་ཐོག་གྲོས་ཚོགས་མང་པོར་ཞུགས་སྐབས། གླེང་མང་ཤོས་ནི་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་ལ་བརྟེན་ནས་རིམས་ནད་འགོག་དགོས་པ་འདི་ཡིན། རིམས་ནད་སྔོན་འགོག་དང་ཚོད་འཛིན་ནི་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་རེད། དེར་བརྟེན། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ནས་ལག་གདང་གཅིག་སྦྲེལ་དང་དཀའ་སྡུག་མཉམ་མྱོང་གིས་རིམས་ནད་ལས་གང་མགྱོགས་གྲོལ་བར་བྱས་ཏེ། སྔར་བས་མཛེས་སྡུག་ལྡན་པའི་ས་གོ་ལའི་ཁྱིམ་གཞིས་འཛུགས་སྐྲུན་ཧུར་ཐག་བྱེད་དགོས།

སྤྱི་ལོ ༢༠༢༡ ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ ༡༠༠ འཁོར་བའི་འཁྲུངས་སྐར་རེད། ལོ་བརྒྱའི་རྒྱང་སྐྱོད་ནི་ཇི་འདྲའི་བརྗིད་ཉམས་ལྡན་པ་དང་། ལོ་བརྒྱའི་ཐོག་མའི་བསམ་འདུན་ནི་དུས་ཡུན་ཇི་ཙམ་རིང་ན་དེ་ཙམ་གྱིས་འགྱུར་བ་མེད་པར་མངོན་ཡོད། ཧྲང་ཧའེ་ཡི་ཧྲེ་ཁུའུ་མོན་ནས་ཅ་ཤིང་གི་ལྷོ་མཚོའི་བར་གྲུ་གཟིངས་དམར་པོ་ཆུང་ཆུང་ཞིག་གིས་མི་དམངས་ཀྱི་མངགས་བཅོལ་དང་མི་རིགས་ཀྱི་རེ་བ་ཁྱེར་ཏེ། དྲག་ཏུ་བཞུར་བའི་ཆུ་བོ་དང་ཉེན་ཁ་ཆེ་བའི་གྲམ་ཐང་བརྒལ་བ་དང་། འཇིགས་སུ་རུང་བའི་རྦ་རླབས་བཤགས་མཐར། ཀྲུང་གོ་བརྟན་པོའི་ངང་རྒྱང་རིང་དུ་སྐྱོད་པར་སྣེ་ཁྲིད་བྱེད་མཁན་གྱི་གྲུ་གཟིངས་ཆེན་པོར་གྱུར་ཡོད། སེམས་ལ་རླབས་ཆེན་བྱ་གཞག་འཆང་བའི་དུས། ལོ་བརྒྱའི་ངོ་མཚར་གཏོད་པའི་སྐབས་ལ་འཁེལ། ང་ཚོས་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས། རླུང་བརྟེན་རླབས་གཤགས་དང་གྲུ་གཡོར་འཕྱར་ནས་རྒྱང་སྐྱོད་བྱས་ཚེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ངེས་ཡིན།

ལོ་བརྒྱ་གཉིས་ཀྱི་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པ་འགོ་ཚུགས་ལ་ཉེ། རྒྱང་སྐྱོད་ལམ་ཐག་རིང་ན་ཡང་། འབད་འབུངས་བྱས་ན་དམིགས་སར་འབྱོར། ང་ཚོས་འབད་འཐབ་བྱས་པ་བརྒྱུད། དཀའ་ངལ་མཐའ་དག་བསལ་ཞིང་ལ་ཀླུང་ཁྲི་སྟོང་བརྒལ་ཡོད། ང་ཚོས་མུ་མཐུད་འབད་འཐབ་བྱེད་པ་དང་དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་ནས། དེ་བས་འོད་སྟོང་འབར་བའི་འབྱུང་འགྱུར་གཏོད་དགོས།

སྐབས་འདིར། གློག་འོད་རྣམ་པར་བཀྲ། ཁྱིམ་མི་མཉམ་དུ་འཛོམས། གནམ་ལོ་གསར་ཚེས་འཆར་ལ་ཉེ་བས། རི་ཀླུང་མཛེས་སྡུག་ལྡན་པ་དང་། རྒྱལ་ཁབ་དར་ཞིང་རྒྱས་པ། དམངས་རྣམས་བདེ་ལ་འཁོད་པའི་སྨོན་འདུན་ཞུ་རྒྱུ་དང་། བཀྲ་ཤིས་འཆམ་མཐུན། བདེ་སྐྱིད་ཕུན་སུམ་ཚོགས་པའི་སྨོན་འདུན་ཞུ་རྒྱུ་ཡིན།

ལྷན་རྒྱས་ཐུགས་རྗེ་ཆེ། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཁོང་རྣམ་པ་དང་བརྙན་ལམ་ཐོག་ནས་གྲོས་མོལ་གནང་བ། ​ཞི་ཅིན་ཕིང་གིས་ཞིང་གསུམ་ལས་དོན་ལ་ནན་གསུང་འདི་འདྲ་གནང་འདུག དུས་ཆེན་རིང་ཝུའུ་དབྱིང་ཅེས་ལྷ་གཞིས་རིམ་མཐོའི་གཞུང་ལམ་ལ་གཟིགས་པར་ཕེབས་པ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་ལྷ་སར་འཚོགས་པ།