ཞི་ཅིན་ཕིང་གིས་འཇར་མན་དང་ཧྥ་རན་སི། ཡོ་རོབ་མནའ་འབྲེལ་བཅས་ཀྱི་འགོ་ཁྲིད་པ་དང་བརྙན་ལམ་ཐོག་ནས་གྲོས་མོལ་གནང་བ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་འགོ་ཁྲིད་པས་ཐུན་མོང་ཐོག་ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་ཆོད་ཡིག་གི་དབྱེ་འབྱེད་གྲོས་མོལ་དུས་བཀག་ལྟར་ལེགས་གྲུབ་བྱུང་བ་ཁྱབ་བསྒྲགས་གནང་བ།
རྒྱལ་ཁྱབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས ༣༠ ཉིན་གྱི་དགོང་མོ་པེ་ཅིང་དུ་འཇར་མན་གྱི་ཙུང་ལི་མོ་ཁེར་དང་། ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུང་། ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་མེ་ཞེར། ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་བཅས་དང་བརྙན་ལམ་ཐོག་ནས་གྲོས་མོལ་གནང་བ་རེད།
ཀྲུང་གོ་དང་ཡོ་རོབ་ཀྱི་འགོ་ཁྲིད་པས་ཐུན་མོང་ཐོག་ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་ཆོད་ཡིག་གི་དབྱེ་འབྱེད་གྲོས་མོལ་དུས་བཀག་ལྟར་ལེགས་གྲུབ་བྱུང་བ་ཁྱབ་བསྒྲགས་གནང་ཡོད།
ཞི་ཅིན་ཕིང་གིས། སྤྱི་ལོ ༢༠༢༠ ལོ་ནི་འཛམ་གླིང་དང་། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་ཀྱི་ངོས་ནས་བརྗོད་ན་ཆེས་དམིགས་བསལ་གྱི་ལོ་ཞིག་རེད། ཏོག་གསར་གློ་ཚད་རིམས་ནད་འཛམ་གླིང་ཧྲིལ་པོར་འགོས་ཁྱབ་སོང་བ་དང་འཛམ་གླིང་ཧྲིལ་པོར་ལོ་བརྒྱར་མཐོང་དཀོན་པའི་འགྱུར་ལྡོག་ཆེན་པོ་སྣོལ་འདྲེས་སུ་ཐོན་པས། བརྟན་ལྷིང་མིན་པ་དང་ངེས་གཏན་མེད་པའི་རྒྱུ་རྐྱེན་ཇེ་མང་དུ་སོང་ཡོད། དེ་ལྟ་བུའི་གནས་ཚུལ་འོག ཀྲུང་གོ་དང་ཡོ་རོབ་ཀྱིས་དུས་ངལ་མཉམ་སེལ་དང་། ཐུན་མོང་ཐོག་འབད་འཐབ་བྱས་པས། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བར་སྐུལ་འདེད་བཏང་བར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཕྱོགས་གཉིས་པོའི་བར་གྱི་འདི་ལོའི་ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་ཆོད་ཡིག་གི་དབྱེ་འབྱེད་གྲོས་མོལ་གྱི་སྔོན་དཔག་དམིགས་འབེན་ཁག་དུས་བཀག་ལྟར་མངོན་གྱུར་ཐུབ་ནས། དོ་སྙོམས་དང་། ཆུ་ཚད་མཐོ་བ། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་མ་འཇོག་ཆོད་ཡིག་བཞག་ཡོད། དེའི་ཐོག་ནས་ཀྲུང་གོ་ཕྱོགས་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བའི་ཆོད་སེམས་དང་སེམས་ཤུགས་མཚོན་ཡོད་ལ། ཀྲུང་གོ་དང་ཡོ་རོབ་ནས་ཕན་ཚུན་བར་མ་འཇོག་བྱ་རྒྱུར་སྔར་བས་ལེགས་པའི་ཁྲོམ་རའི་ཞུགས་འཐུས་ཆོག་མཆན་དང་། ཆུ་ཚད་སྔར་བས་མཐོ་བའི་ཚོང་གཉེར་ཁོར་ཡུག སྔར་བས་ནུས་པ་ཆེ་བའི་ལམ་ལུགས་ཀྱི་འགན་སྲུང་། སྔར་བས་འོད་སྟོང་ལྡན་པའི་མཉམ་ལས་ཀྱི་མདུན་ལྗོངས་བཅས་གཏོད་རྒྱུ་ཡིན་ལ། རིམས་ནད་རྗེས་ཀྱི་འཛམ་གླིང་དཔལ་འབྱོར་སླར་གསོ་ཡོང་རྒྱུར་ཡང་སྐུལ་ཁྲིད་ནུས་ལྡན་ཐུབ་རྒྱུ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དང་རང་མོས་ཉོ་ཚོང་གི་སེམས་ཤུགས་ཆེ་རུ་གཏོང་རྒྱུ། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྱོང་བྱ་རྒྱུ་བཅས་ཀྱི་ཆེད་ཀྲུང་གོ་དང་ཡོ་རོབ་ཀྱི་ཁྲོམ་ར་ཆེན་པོ་གཉིས་ཀྱི་ལེགས་སྐྱེས་ཆེན་པོ་འབུལ་རྒྱུ་ཡིན་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོས་གོང་འཕེལ་གྱི་རྣམ་པ་གསར་པ་གཏོད་རྒྱུར་འབད་བརྩོན་བྱས་ནས། ཡོ་རོབ་དང་འཛམ་གླིང་ལ་སྔར་ལས་མང་བའི་ཁྲོམ་རའི་གོ་སྐབས་དང་། སྔར་ལས་ཆེ་བའི་མཉམ་ལས་བར་ཁམས་གཏོད་རྒྱུ་རེད། ཡོ་རོབ་ཕྱོགས་ནས་རང་མོས་ཉོ་ཚོང་དང་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་མ་འཇོག་བྱེད་མཁན་རྣམས་ལ་སྒོ་དབྱེ་དང་། གཞུང་དྲང་། མཐོང་ཆུང་མེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་ཅིག་གཏོད་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། སྤྱི་ལོ ༢༠༢༡ ལོ་འཆར་ཉེར་ཡོད། ཀྲུང་གོ་དང་ཡོ་རོབ་གཉིས་པོ་འཛམ་གླིང་ཐོག་གི་སྟོབས་ཤུགས་ཆེན་པོ་གཉིས་དང་། ཁྲོམ་ར་ཆེན་པོ་གཉིས། ཤེས་དཔལ་ཆེན་པོ་གཉིས་བཅས་ཡིན་པའི་ངོས་ནས། རང་གི་འགན་འཁྲི་མངོན་ཐུབ་པ་བྱེད་པ་དང་། བྱས་རྗེས་ཧུར་ཐག་བཞག་ནས། འཛམ་གླིང་ཞི་བདེ་ཡར་རྒྱས་ཀྱི་མཉམ་ལས་འཛུགས་སྐྱོང་བྱེད་མཁན་ལ་འགྱུར་བ་བྱེད་དགོས། ཕྱོགས་གཉིས་པོས་གླེང་མོལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་བར་གྱི་ཡིད་ཆེས་ཟབ་ཏུ་གཏོང་བ། མཉམ་ལས་གཏིང་ཟབ་ཏུ་གཏོང་བ། འགལ་ཟླ་ཐག་གཅོད་འོས་འཚམ་བྱེད་པ། མཉམ་དུ་གོ་སྐབས་གཏོད་པ་དང་རྣམ་པ་གསར་པ་གཏོད་པ་བཅས་བྱ་དགོས།
དེ་ཡང་། གཅིག་ནས་རིམས་འགོག་བྱ་སྤྱོད་ལ་མཐུན་སྦྱོར་བྱེད་དགོས། རིམས་འགོག་སྨན་ཁབ་དེ་འཛམ་གླིང་ཧྲིལ་པོའི་སྤྱི་པའི་ཐོན་རྫས་ཡིན་པའི་ངོས་ནས་གཞུང་དྲང་ངང་བགོ་བཤའ་རྒྱག་རྒྱུ་དང་། ལྷག་པར་དུ་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕན་པ་ཐོབ་པའི་འགན་ལེན་བྱ་དགོས།
གཉིས་ནས་དཔལ་འབྱོར་སླར་གསོ་ཡོང་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། སྲིད་ཇུས་འབྲེལ་གཏུག་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱབ་ཐོག་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འཛམ་གླིང་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གང་མགྱོགས་རྒྱུན་གཏན་གྱི་འཁོར་ལམ་ཐོག་ལོག་རྒྱུར་སྐུལ་ཁྲིད་བྱ་དགོས།
གསུམ་ནས་གོང་འཕེལ་གྱི་འཐབ་ཇུས་འབྲེལ་མཐུད་བྱ་དགོས། སྲིད་ཇུས་ཐད་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དང་ཡོ་རོབ་མནའ་འབྲེལ་དང་ཨེ་ཤེ་ཡའི་མཉམ་འབྲེལ་མཉམ་མཐུད་ཀྱི་འཐབ་ཇུས་གཉིས་ཕན་ཚུན་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། གྲངས་གཞིའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲོས་བསྡུར་གཏིང་ཟབ་བྱེད་དགོས།
བཞི་ནས་སྦགས་མེད་གོང་འཕེལ་ཇེ་མགྱོགས་སུ་གཏོང་དགོས། ཀྲུང་གོ་དང་ཡོ་རོབ་ཀྱི་ཁོར་ཡུག་དང་གནམ་གཤིས་ཀྱི་མཐོ་རིམ་གླེང་མོལ་ལམ་སྲོལ་བེད་སྤྱོད་ཡག་པོ་བཏང་ནས། ཀྲུང་གོ་དང་ཡོ་རོབ་བར་སྐྱེ་དངོས་སྣ་མང་རང་བཞིན་དང་གནམ་གཤིས་འགྱུར་བ། རང་བྱུང་སྲུང་སྐྱོབ་བཅས་ཀྱི་རྒྱལ་སྤྱིའི་གྲོས་ཚོགས་འཚོགས་རྒྱུར་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས།
ལྔ་ནས་ཕྱོགས་མང་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་སོགས་ཀྱི་སྒྲོམ་གཞིའི་ནང་མཐུན་སྦྱོར་དང་མཉམ་ལས་བྱ་རྒྱུར་ཤུགས་རྒྱག་པ་དང་། ཆབ་སྲིད་ཀྱི་ཐོག་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་ཀུན་གྱིས་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཉི་ཤུ་ཚོགས་པའི་བུ་ལོན་འགྱངས་འཇལ་གྲོས་འགོ་ལག་བསྟར་ཧུར་ཐག་བྱེད་པ། ཨ་ཧྥེ་རི་ཁའི་རིམས་འགོག་དང་གོང་འཕེལ་ལ་རྒྱབ་སྐྱོར་བཅས་བྱས་ཏེ། འཛམ་གླིང་གོང་འཕེལ་དར་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད་པ་རེད།
ཡོ་རོབ་ཕྱོགས་ཀྱི་འགོ་ཁྲིད་པས། མ་གཞི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཀྱང་། འདི་ལོ་ཡོ་རོབ་དང་ཀྲུང་གོའི་བར་མཐོ་རིམ་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་ཐུབ་ཡོད་པ་དང་། ས་ཁམས་མཚོན་རྟགས་ཆོད་ཡིག་སོགས་ཀྱི་གནད་དོན་རབ་དང་རིམ་པའི་ཐད་འཕེལ་རིམ་གལ་ཆེན་ཐོན་ཡོད། དེ་རིང་ང་ཚོས་གྲོས་མོལ་བྱས་ནས། མཉམ་དུ་ཡོ་རོབ་དང་ཀྲུང་གོའི་མ་འཇོག་གྲོས་ཆོད་ཀྱི་དབྱེ་འབྱེད་གྲོས་མོལ་མཇུག་སྒྲིལ་བའི་ཁྱབ་བསྒྲགས་བྱས་པ་དེས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད་ལ། དེས་འཛམ་གླིང་དཔལ་འབྱོར་སླར་གསོ་དང་འཕར་སྣོན་ལ་སྐུལ་འདེད་གཏོང་རྒྱུར་ཡང་ཕན་ཐོགས་ཡོང་རྒྱུ་ཡིན། དེས་སླར་ཡང་འཛམ་གླིང་ལ། མ་གཞི་ཡོ་རོབ་དང་ཀྲུང་གོའི་བར་གནད་དོན་ཁ་ཤས་ཐད་འགལ་ཟླ་གནས་ཡོད་ཀྱང་། ཕྱོགས་གཉིས་པོར་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་གླེང་མོལ་ལ་ཤུགས་རྒྱག་རྒྱུ་དང་། མཉམ་ལས་གཏིང་ཟབ་ཏུ་བཏང་ནས་གཉིས་ཕན་མཉམ་རྒྱལ་ཡོང་བ་བྱ་རྒྱུའི་ཆབ་སྲིད་ཀྱི་འདུ་ཤེས་ལྡན་ཡོད་པ་མངོན་ཡོད། ཡོ་རོབ་དང་ཀྲུང་གོའི་མ་འཇོག་ཆོད་ཡིག་ནི་ཆུ་ཚད་མཐོ་པོ་ཡིན་ཞིང་། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོས་སྒོ་དབྱེ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས། ཉོ་ཚོང་རང་མོས་ཅན་དང་མ་འཇོག་སྟབས་བདེ་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་བར་བསྔགས་བརྗོད་བྱེད་ཀྱི་ཡོད། ཡོ་རོབ་དང་ཀྲུང་གོ་གཉིས་ཀས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། སྟོབས་དང་ལྡན་པའི་ཡོ་རོབ་དང་ཀྲུང་གོའི་འབྲེལ་བས་དེང་གི་འཛམ་གླིང་ལ་འཕྲད་པའི་འཛམ་གླིང་ཧྲིལ་པོའི་འགྲན་རྩོད་ལ་ཁ་གཏད་གཅོག་རྒྱུར་ཕན་ཐོགས་ཡོད། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོས་གནམ་གཤིས་འགྱུར་བ་དང་དེ་བཞིན་ཨ་ཧྥེ་རི་ཁས་རིམས་ནད་འགོག་བཅོས་བྱ་རྒྱུར་རོགས་རམ་བྱ་རྒྱུ་སོགས་ཀྱི་ཐད་བཟུང་བའི་གལ་ཆེའི་བྱ་ཐབས་ལ་བསྔགས་བརྗོད་ཞུ་གི་ཡོད་ལ། འཛམ་གླིང་ཧྲིལ་པོའི་རིམས་འགོག་དང་། གནམ་གཤིས་འགྱུར་བ། སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོབ། རྒྱུན་མཐུད་ཆོག་པའི་གོང་འཕེལ། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྒྱུར་བཅོས་སོགས་ཀྱི་གནད་དོན་ཐད་ཀྲུང་གོའི་བར་མཐུན་སྦྱོར་མཉམ་ལས་དམ་ཟབ་བྱ་རྒྱུའི་རེ་བ་ཡང་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།
ཀྲུང་གོ་དང་ཡོ་རོབ་ཀྱི་འགོ་ཁྲིད་པས་ཕན་ཚུན་ལོ་གསར་གྱི་འཚམས་འདྲི་ཞུས་གནང་བ་དང་། ཐུན་མོང་ཐོག་ལོ་གསར་པའི་ནང་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱ་རྒྱུ་དང་། ཐུན་མོང་ཐོག་ཕྱོགས་གཉིས་པོའི་འགྲོ་འོང་གལ་ཆེ་རིགས་ཀྱི་གྲོས་རིམ་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཡོ་རོབ་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་ཟམ་མི་ཆད་པར་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་བསྟན་ཡོད་པ་རེད།
ལིའུ་ཧོ་དང་། ཡང་ཅེ་ཁྲི། ཝང་དབྱིས། ཧོ་ལི་ཧྥེང་སོགས་གྲོས་མོལ་ལ་ཞུགས་ཡོད་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཞིང་གསུམ་ལས་དོན་ལ་ནན་གསུང་འདི་འདྲ་གནང་འདུག ཞི་ཅིན་ཕིང་ནས་བཀའ་རྒྱ་འདིར་མཚན་རྟགས་བཀོད་གནང་བ། ཞི་ཅིན་ཕིང་གིས་ཆི་ལིའི་ཙུང་ཐུང་ཕི་ཉེ་ལ་དང་ཞལ་པར་བསྐྱོན་པ། དཔལ་འབྱོར་ལས་དོན་ཚོཊ་འདུའི་དགོངས་དོན་ལ་ལན་ཆ་ཆེན་པོ་བྱུང་བ། ཞི་ཅིན་ཕིང་གིས་ཐན་ཙན་ནི་ཡའི་ཙུང་ཐུང་མ་ཀུའུ་ཧྥུའུ་ལི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།