སྤྱི་ཟླ ༡༠ ཚེས ༣༠ ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བར་སྐོར་གནའ་གྲོང་དུ་ཕེབས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བ། རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་རྟོག་ཞིབ་གནང་བ་རེད།
ཝང་ཅུན་ཀྲེང་གིས་འདོད་འཇོ་ཚང་བོད་ཆས་ཚོང་ཁང་གི་སྦྱིན་བདག་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བཞིན་པ།
ཝང་ཅུན་ཀྲེང་གིས་གཙུག་ལག་ཁང་དུ་རྟོག་ཞིབ་གནང་བ་དང་འབྲེལ། གཙུག་ལག་ཁང་མདུན་དུ་འགྱིང་ངེར་གནས་པའི་ཐང་བོད་མནའ་འབྲེལ་རྡོ་རིང་ལ་གཟིགས་སྐོར་གནང་ཞིང་། ཁོང་གིས་ཀྲུང་ཧྭའི་རིག་གནས་རྒྱ་ཆེ་ལ་གཏིང་ཟབ་པ་དང་རྒྱ་བོད་སྤེལ་རེས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། བར་སྐོར་གནའ་གྲོང་ལ་བོད་རྒྱ་སོགས་མི་རིགས་ཁག་ལོ་ངོ་སྟོང་ཕྲག་མང་པོའི་རིང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་ལྡན་པ་མཚོན་གྱི་ཡོད། དེ་ནི་བོད་འདི་ཉིད་གནའ་སྔ་མོ་ནས་བཟུང་། ཀྲུང་གོའི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་ལོ་རྒྱུས་ཀྱི་དཔང་པོ་ཞིག་རེད། ལྗོངས་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ས་ཁག་གིས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་རྒྱལ་ཕན་དམངས་ཕན་གྱི་བྱ་བ་མང་ཙམ་སྒྲུབ་པ་དང་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་བྱ་བ་མང་ཙམ་བསྒྲུབས་ཏེ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་འབུལ་དགོས། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་གསོན་ཉམས་ལྡན་པའི་གཏམ་རྒྱུད་འཚོལ་ཞིབ་ཡག་པོ་དང་། རྒྱུན་འཛིན་ཡག་པོ། ཡག་པོ་གླེང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་ལོ་རྒྱུས་ཁྲོད་ནས་སློབ་གསོ་ཐེབས་པ་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱེད་དགོས།
ཝང་ཅུན་ཀྲེང་གིས་སྒོ་མང་ཁང་གསར་སྒོ་རའི་ནང་མི་རིགས་ཁག་གི་གྲོང་མི་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ།
ཝང་ཅུན་ཀྲེང་གིས་བར་སྐོར་ཁྲོམ་གཞུང་ཁྲོམ་གཟིགས་སྒང་སྡེ་ཁུལ་གྱི་སྒོ་མང་ཁང་གསར་སྒོ་ར་དང་། ཤ་གསར་ཟུར་སྡེ་ཁུལ། དེ་བཞིན་འདོད་འཇོ་ཚང་བོད་ཆས་ཚོང་ཁང་བཅས་སུ་ཕེབས་ནས་དེ་གར་ཡོད་པའི་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་ཁག་གི་གྲོང་མི་དང་བྱམས་བརྩེའི་ངང་སྤེལ་རེས་གནང་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་དང་ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཝང་ཅུན་ཀྲེང་གིས་སྒོ་ར་གཅིག་དང་སྡེ་ཁུལ་གཅིག་གི་མི་རྣམས་མཐུན་སྒྲིལ་རོགས་རེས་དང་བདེ་སྡོད་ལས་བརྩོན་བྱེད་པའི་གསོན་ཉམས་དོད་པའི་རྣམ་པ་ནི་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་སེམས་མཐུན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད་པའི་མཚོན་ཚུལ་ངོ་མ་རེད། གལ་ཏེ་ཁུལ་ཆུང་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་དཔེ་སྟོན་ཁུལ་ཆུང་བསྐྲུན་ཐུབ་ཚེ་ལྗོངས་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་བསྐྲུན་ཐུབ། ཁོང་གིས་ཚང་མས་སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་དགོས་ཞེས་པའི་བཀའ་མངགས་བློ་ལ་བརྟན་པོར་ངེས་ནས་མི་རིགས་ཁག་དབར་ཕན་ཚུན་ཕྲ་བཏབ་པ་ལྟ་བུའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་ཡག་པོ་བསྐྲུན་ཏེ་འཆམ་མཐུན་མཉམ་གནས་དང་ཕན་ཚུན་ལྟ་སྐྱོང་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རྒྱུན་དུ་བཞད་པར་བྱ་རྒྱུའི་ཐུགས་རེ་བཏོན་གནང་བ་རེད། ཁོང་གིས་རིམས་འགོག་ལས་དོན་པར་རིམས་འགོག་ལས་དོན་གྱི་བླང་བྱ་ལག་བསྟར་ནན་པོ་བྱས་ཏེ་མང་ཚོགས་ལ་ཞབས་འདེགས་ཞུ་བར་བརྩེ་སེམས་ཟབ་མོ་བཅངས་ནས། དོ་དམ་ཁྲོད་ཞབས་འདེགས་ཞུས་ཏེ་མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས་པའི་བཀའ་མངགས་གནང་བ་རེད། ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གྱི་གནས་རྙིང་བཤམས་སྟོན་ཁང་དུ་ཝང་ཅུན་ཀྲེང་གིས་འགྲེམས་སྟོན་ལ་ཞིབ་ཚགས་ངང་གཟིགས་པ་དང་འབྲེལ་ལས་དོན་པའི་འགྲེལ་བཤད་ནན་ཏན་ངང་གསན་པ་རེད།
ཝང་ཅུན་ཀྲེང་གིས་གཙུག་ལག་ཁང་གི་རྟེན་རྫས་བཤམས་མཛོད་ཁང་དུ་དགེ་འདུན་པ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ།
ཝང་ཅུན་ཀྲེང་གིས་བརྟག་ཞིབ་གནང་རིང་ནན་བཤད་གནང་དོན། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ། བོད་གསར་རྙིང་བསྡུར་བའི་སློབ་གསོ་བཅས་དང་མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་ཀྱི་སློབ་གསོ་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་སྔར་བས་ཁྲིད་སྟོན་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་སེམས་གཏིང་ལ་ཟུག་པར་བྱས་ནས། མི་སེམས་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྡུད་བྱེད་གང་ཐུབ་བྱེད་དགོས། མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་མོས་སེམས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཁྲིམས་ལྟར་བོད་སྐྱོང་མཐའ་འཁྱོངས་དང་། ༼བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག༽སློབ་སྦྱོང་དང་དྲིལ་བསྒྲགས་གཏིང་ཟབ་དང་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏིང་ཟབ་བཏང་སྟེ་བོད་འདི་ཉིད་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་དུ་སྐྲུན་དགོས།
ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་དར་སྤེལ་གཏོང་དགོས་ཤིང་། མི་རིགས་ཁག་གི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཚང་མ་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་ཡིན་པ་དང་། ཀྲུང་ཧྭའི་རིག་གནས་ནི་སྡོང་པོ་དང་མི་རིགས་ཁག་གི་རིག་གནས་ནི་ཡལ་འདབ་ཡིན་པས་རྩ་བ་བརྟན་པོ་ཚུགས་ན་ད་གཟོད་ཡལ་འདབ་རྒྱས་ཐུབ་པ་ངོས་འཛིན་གཏིང་ཟབ་བྱེད་དགོས། ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་སྣང་ཆེན་བྱས་ཏེ་སྲུང་སྐྱོང་སྔོན་ལ་བྱེད་པ་མཐའ་འཁྱོངས་དང་། ལུགས་མཐུན་བེད་སྤྱོད་ལ་སྣང་ཆེན། གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་དུས་རབས་ཀྱི་བཀྲག་མདངས་འཚེར་བ་དང་བོད་ཀྱི་རིག་གནས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭའི་ཤེས་དཔལ་གྱི་ས་གཞི་གཤིན་པོར་རྩ་བ་བརྟན་པོ་ཚུགས་པར་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མཐུན་སྒྲིལ་ཡར་བརྩོན་གྱི་བསམ་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། ཡུལ་སྐོར་རིག་གནས་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏོང་བ་དང་། རིག་གནས་ཡུལ་སྐོར་ཐོན་རྫས་གསར་གཏོད་བྱེད་པ། ཡུལ་སྐོར་ཞབས་ཞུའི་ཆ་རྐྱེན་ལེགས་སུ་གཏོང་བ། ཡུལ་སྐོར་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་རྒྱ་སྟོབས་ཆེ་རུ་དང་སྤུས་ཚད་ལེགས་སུ་གཏོང་དགོས། དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་དང་མཉམ་འདྲེས་ཡོང་བར་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་དམངས་འཚོ་ལེགས་གཏོང་ལ་དམ་པོར་དམིགས་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས་ལ་སྐུལ་འདེད། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་བཅས་བྱེད་དགོས། མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་དམངས་འཚོའི་གནད་དོན་ལ་དམིགས་ནས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ་དང་བྱ་བ་རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཕུན་སུམ་ཚོགས་པ་དང་། སྐྱིད་སྣང་དེ་བས་རྒྱུན་མཐུད་ཐུབ་པ། བདེ་འཇགས་ཚོར་སེམས་དེ་བས་འགན་ལེན་ཡོང་བ་བཅས་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་བྱ་བ་དངོས་སྒྲུབ་པའི་ལས་དོན་ཏན་ཏིག་སྤེལ་ནས་ཐོག་མཐའ་བར་གསུམ་དུ་སེམས་ནང་མི་དམངས་གནས་བབ་མཐོ་ཤོས་སུ་བཞག་སྟེ་དམངས་ཀྱི་དཀའ་ངལ་སེལ་རྒྱུ་ནས་འགོ་འཛུགས་པ་དང་། དམངས་ཀྱི་དགོས་མཁོ་དང་བསྟུན་རྒྱུར་ཤུགས་སྣོན་རྒྱག་པ། དམངས་ཀྱི་འདོད་བློ་དང་བསྟུན་རྒྱུར་བསམ་གཞིག་བཅས་བྱས་ཏེ་སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་བྱེད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། མཐའ་མཚམས་དང་མངའ་ཁོངས་ས་ཆ་སྲུང་སྐྱོང་བྱེད་པ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་བྱེད་པ་བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་སྐྲུན་དགོས། དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ལག་ལེན་པ་དང་། སྐུལ་འདེད་པ། སྲུང་སྐྱོང་པ་བཅས་ཡག་པོ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཉེན་བརྡ་རྒྱུན་གཏོང་དང་རྟག་ཏུ་དོགས་ཟོན་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་བརྟན་ལྷིང་སྲུང་སྐྱོང་ཐད་རིག་པ་ལྕགས་སྐུད་བཞིན་སྒྲིམ་པ། རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་ཇུས་འདོན་བྱེད་པ། སྤྱི་ཚོགས་བརྟན་ལྷིང་གི་གྲུབ་འབྲས་བརྟན་དུ་ནུས་ལྡན་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བརྟན་ལྷིང་མིན་པའི་རྒྱུ་རྐྱེན་སྣ་ཚོགས་མེད་པར་བཟོ་བ་དང་མ་ཐོན་གོང་ནས་མེད་པར་བཟོ་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཁྲིམས་མཐུན་སྲུང་སྐྱོང་དང་། ཁྲིམས་དང་མ་མཐུན་པ་བཀག་འགོག ཐལ་སྐྱོད་བཀག་འགོག སིམ་འཛུལ་བཀག་འགོག ཉེས་གསོག་ལ་རྡུང་རྡེག་གཏོང་བ་བཅས་བྱེད་པ་དང་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱས་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས། །