ཟླ ༣ ཚེས ༣༡ ནས་ཟླ ༤ ཚེས ༤ ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གཞིས་རྩེ་གྲོང་ཁྱེར་གྱི་བསམ་གྲུབ་རྩེ་དང་། པ་སྣམ། ས་སྐྱ། གཏིང་སྐྱེས། གམ་པ། གྲོ་མོ། ཁང་དམར། རྒྱལ་རྩེ་སོགས་ཆུས་དང་རྫོང་དུ་ཕེབས་ནས་བརྟག་ཞིབ་གནང་བ་རེད།
བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་གྱི་ལས་དོན་སྙན་ཞུ་གསན་པ་དང་འབྲེལ། གཞིས་རྩེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད།
ཝང་ཅུན་ཀྲེང་འབྲེལ་གཏུག་ས་ཚིགས་པ་སྣམ་རྫོང་དབང་ལྡན་ཤང་བཟང་པ་གྲོང་ཚོར་ཕེབས་ནས་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བཞིན་པ།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ནས་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས། བརྟན་ལྷིང་སྲུང་སྐྱོང་ལ་རྣམ་ཀུན་ནས་དམ་འཛིན་དང་གཞི་རིམ་ནས་དམ་འཛིན་བྱེད་དགོས། མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་འགལ་ཟླ་སྣ་ཚོགས་གཞི་རིམ་ནས་སེལ་བ་དང་ཐོན་བཟོ་ཡོད་དུས་ནས་ཐག་གཅོད་བྱེད་དགོས། དུས་རྒྱུན་ནས་དམ་འཛིན་ལ་སྣང་ཆེན་དང་། བསམ་ཚུལ་གང་ཡོད་ཤོད་རེས་ལ་སྣང་ཆེན། བྱ་སྤྱོད་དངོས་ལ་སྣང་ཆེན། གཞི་རིམ་ལ་སྣང་ཆེན་བཅས་མཐའ་འཁྱོངས་བྱེད་དགོས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་འཛུགས་གཏོད་ལས་དོན་ཧུར་ཐག་སྤེལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་བྱས་ཏེ། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་ཁར་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་སྟེ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱེད་དགོས།
ཝང་ཅུན་ཀྲེང་གིས་ཚེ་རིང་ཆོས་སྒྲོན་དང་། ཟླ་སྐྱིད། བུ་ཁྲིད་བཅས་དམག་བཀུར་ཨ་མ་རྒན་མོ་གསུམ་ལ་འཚམས་འདྲི་གནང་བཞིན་པ།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག་མཐའ་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་དེང་རབས་ཀྱི་འདེབས་གསོའི་ལས་རིགས་སྟོབས་ཆེར་གཏོང་བ་དང་། ལྗང་མདོག་བཟོ་ལས་རྒྱ་སྐྱེད་དང་སྤུས་ཚད་ལེགས་སུ་བཏང་ནས་ཁྱད་ལྡན་དང་། རྩེར་སོན། སྤུས་ལེགས་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས། འགག་སྒོའི་ལེགས་ཆ་ཡག་པོ་སྤྱད་ནས་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་སྒྲིལ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་ས་ཡིན་པ་བློ་ལ་བརྟན་པོར་ངེས་ནས། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རྣམས་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་སྒྲུབ་དགོས་པ་དང་། སྤྱི་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ་མང་ཚོགས་ལས་ཞུགས་བརྟན་པོ་དང་། ཐག་ཉེ་སར་སློབ་གྲྭ་འགྲིམ་པ། སྨན་པ་བསྟེན་རྒྱུར་སྟབས་བདེ་བ། རྒན་གསོའི་ཞབས་ཞུ་སོགས་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན།སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་འཁྱགས་བཅས་སྡེབ་གཅིག་ཏུ་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞིར་བྱེད་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་ཏུ་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་གང་མགྱོགས་འཛུགས་པ། ཇོ་མོ་གླང་མའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། འཁྱགས་རོམ་ལ་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ། གཙང་པོ་དང་མཚོ་བཅོས་སྐྱོང་དང་ཡར་ཀླུང་གཙང་པོ་དང་མྱང་ཆུ་སོགས་འབབ་རྒྱུད་གཙོ་བོའི་ས་ཆ་བྱེ་འགྱུར་ཅན་དང་ཐང་རྒོད་ཅན་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རྒྱལ་ཁབ་ས་ཆ་སྔོ་འགྱུར་གྱི་བྱ་སྤྱོད་གཏིང་ཟབ་སྤེལ་དགོས། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ལས་དོན་ཡག་པོ་བསྒྲུབ་པར་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ནས་ལྟ་བཤེར་བྱེད་ཞོར་ལེགས་བཅོས་དང་། ཤེས་འཕྲལ་ལེགས་བཅོས། ལེགས་བཅོས་དངོས་འབྲེལ་བཅས་བྱས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ཡག་པོ་ཡོང་བའི་འགན་ལེན་བྱེད་དགོས།
ཝང་ཅུན་ཀྲེང་གིས་རྒྱལ་རྩེ་རྫོང་དབྱིན་འགོག་དྲན་གསོ་ཁང་དུ་འགྲེལ་བཤད་ནན་ཏན་གསན་བཞིན་པ།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མཐའ་དར་དམངས་ཕྱུག་ལས་དོན་རྒྱུན་སྲིང་ལྷོད་མེད་ངང་ཡག་པོ་བསྒྲུབས་ནས་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་གོམ་སྟབས་མགྱོགས་སུ་གཏོང་བ་དང་། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོའི་ལེ་ལག་ཚང་བའི་སྒྲིག་བཀོད་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་གཏོང་བ།ཚན་རིག་དང་མཐུན་པའི་སྒོ་ནས་མཐའ་མཚམས་ས་ཁུལ་གྱི་ཐོན་ལས་འཕེལ་རྒྱས་བཀོད་སྒྲིག་བཅས་བྱས་ནས་མང་ཚོགས་ལ་ལས་ཀ་ཡོད་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་ཀྱི་འགན་ལེན་བྱས་ཏེ་མཐའ་མཚམས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་འཚོ་བ་ཕྱུག་འགྱུར་ཡོང་བར་བྱེད་དགོས།
ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་གྱི་ལས་དོན་སྙན་ཞུ་གསན་བཞིན་པ།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ལས་དོན་ཏན་ཏིག་བསྒྲུབས་ནས། ཁྲིམས་ལྟར་དང་། ཚན་རིག་དང་མཐུན་པ། གནད་ལ་འཁེལ་བ། ནན་ཏན་བཅས་མཐའ་འཁྱོངས་ཀྱིས་སྔ་ཙམ་བཞིའི་བླང་བྱ་དོན་འཁྱོལ་བྱེད་པ་དང་ཕྱོགས་བཞིའི་འགན་འཁྲི་ནན་ཏུ་བཏང་ནས། རིམས་འགོག་ལས་དོན་ཁག་ལ་དམ་འཛིན་ཞིབ་ཕྲ་དང་ཏན་ཏིག་བྱེད་དགོས། འགག་སྒོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་ནན་དུ་གཏོང་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཞན་ཆ་སེལ་བ་བཅས་བྱས་ཏེ་ཕྱི་ནས་མི་འགོ་བའི་འགོག་སྲུང་འཛིང་རགས་མཐའ་གཅིག་ཏུ་བརྟན་དུ་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ནུས་ཤུགས་ཡོད་རྒུས་བཙུགས་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་བརྟན་པོ་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་ལ་ལྟ་རྟོག་དང་། སྔོན་ལ་སྒྲུབ་པ་དང་མིག་དཔེ་འདོན་པ། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བཅས་བྱས་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་བྱ་གཞག་ཁག་ཟམ་མི་ཆད་པར་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།།