ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས ༣༠ ཉིན་གྱི་སྔ་དྲོ་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ང་རང་ནས་ལོ་བཅུ་བསྟུད་མར་ལྷན་རྒྱས་དང་མཉམ་དུ་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་པ་ཡིན། འདི་ནི་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་ཆེད་ནུས་ཤུགས་ཏོག་ཙམ་འདོན་ཐུབ་ན་བསམ་པས་ཡིན་ལ། སྤྱི་ཚོགས་ཡོངས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ཚོའི་སེམས་ཁོངས་སུ་འབྱུང་ཁམས་ཤེས་དཔལ་གྱི་རེ་བའི་སོན་བཟང་ཞིག་འདེབས་ཆེད་དང་། ཚང་མས་འབྱུང་ཁམས་ཤེས་དཔལ་གྱི་ལག་ལེན་མཁན་དང་སྐུལ་འདེད་མཁན་བྱེད་རྒྱུར་སྐུལ་སློང་བྱས་ཏེ་རྒྱུན་བསྲིང་ལྷོད་མེད་ཀྱིས་བྱས་རྗེས་བཞག་ནས་ང་ཚོའི་མེས་རྒྱལ་ནམ་མཁའ་སྔར་བས་སྔོ་ཞིང་། རི་བོ་སྔར་བས་མཛེས་པ། ཆུ་མོ་སྔར་བས་དྭངས་པ། འབྱུང་ཁམས་ཁོར་ཡུག་སྔར་བས་ལེགས་པ་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་ཆེད་ཡིན་ཞེས་ནན་སྟོན་གནང་ཡོད།
དཔྱིད་ཀྱི་དཔལ་ཡོན་བཞད་པའི་དུས་བཟང་འདིར། སྐྱེ་དངོས་ཐམས་ཅད་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། སྔ་དྲོའི་ཆུ་ཚོད ༡༠ དང་སྐར་མ ༣༠ ཡི་ཐོགཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣ་ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་ཡང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན་སོགས་ནས་རླངས་འཁོར་ལ་ཞུགས་ཏེ་པེ་ཅིང་གྲོང་ཁྱེར་ཏ་ཤིང་ཁུལ་ཧོང་ཚུན་གྲོང་རྡལ་དུ་གནས་པའི་ཤིང་འཛུགས་ཁུལ་དུ་ཕེབས་པ་དང་རྒྱལ་སའི་མང་ཚོགས་དང་མཉམ་དུ་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་ཡོད།
ཤིང་འཛུགས་ཁུལ་ཏ་ཤིང་གྲོང་གསར་གྱི་གྲོང་ཁྱེར་སྤྲོ་སྐྱིད་གླིང་ཁུལ་དུ་གནས་པ་དང་། དེར་རྒྱ་ཁྱོན་མུའུ་ཆིག་སྟོང་ལྔ་བརྒྱ་ཙམ་ཡོད། ས་འདི་ནི་དེ་སྔ་ཆུ་མཛོད་ཀྱི་གྲམ་ཐང་ཞིག་ཡིན་པ་དང་། མིག་སྔར་གྲོང་ཁྱེར་སྤྱི་གླིང་ཞིག་ཏུ་འཆར་འགོད་བྱས་ཡོད། སྤྱི་གླིང་བསྐྲུན་རྗེས་ཡུལ་འདི་ཉེ་འཁོར་མང་ཚོགས་སྤྲོ་གསེང་རོལ་རྩོད་ལ་ཕེབས་ས་དང་རང་བྱུང་ཁམས་དང་ཉེ་བར་བཅར་སའི་གནས་མཆོག་ཅིག་ཏུ་འགྱུར་རྒྱུ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་དུས། འདི་གར་ཤིང་འཛུགས་བཞིན་པའི་ལས་བྱེད་མང་ཚོགས་ཚོས་སྤྲོ་སེམས་འཁོལ་པོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་ཡོད། ཞི་ཅིན་ཕིང་གིས་ཕྱག་གཡུག་གཡུག་གནང་ནས་ཁོང་ཚོར་གུས་ལན་ཞུས་གནང་བ་དང་། ཕྱག་ཏུ་ལྕགས་ཁྱེམ་བསྣམས་ཏེ་ཤིང་འཛུགས་ཁུལ་དུ་ཕེབས་པའི་པེ་ཅིང་གྲོང་ཁྱེར་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འགན་འཁུར་བློ་མཐུན་དེ་བཞིན་རྒྱལ་སའི་ལས་བྱེད་པ་དང་མང་ཚོགས། ལོ་ཆུང་གདོང་ལེན་རུ་མི་བཅས་དང་མཉམ་དུ་ཤིང་སོན་འཛུགས་གནང་ཡོད།
ས་དོང་འདྲུ་བ་དང་། ས་སྐྱོར་རྒྱག་པ། ཆུ་རྒྱག་པ་སྟེ། ཞི་ཅིན་ཕིང་གིས་སྔ་རྗེས་སུ་སྒྲོན་ཤིང་དང་། ཁམ་སྡོང་། མེ་ཏོག་པའེ་ཡུས་ལན། མེ་ཏོག་ཧའེ་ཐང་། ཤིང་པྲ་ཚིལ་སོགས་ཀྱི་ཤིང་སོན་མང་པོ་བཏབ་གནང་ཡོད། ཞི་ཅིན་ཕིང་གིས་ངལ་རྩོལ་གནང་ཞོར་དུ་ཕྲུ་གུ་རྣམས་ལ་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་དང་། ཁོང་ཚོས་ཀུན་སྤྱོད་དང་བློ་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ལྔ་པོ་ཕྱོགས་ཡོངས་ནས་ཡར་རྒྱས་གཏོང་དགོས་པའི་བཀའ་སློབ་གནང་བ་དང་། ངལ་རྩོལ་བྱེད་རྒྱུར་སྣང་ཆུང་མི་བྱེད་པ་དང་ཆུང་དུས་ནས་ངལ་རྩོལ་བྱེད་པའི་འདུ་ཤེས་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འདུ་ཤེས། གྲོན་ཆུང་བྱེད་པའི་འདུ་ཤེས་བཅས་ཆགས་པ་བྱེད་པ་དང་། དགེ་བ་ཆུང་ཙག་ཡིན་རུང་སྒྲུབ་པ། དོན་དག་ཆུང་ཆུང་ནས་འགོ་རྩོམ་སྟེ་ཏང་དང་མི་དམངས་ལ་མཁོ་བའི་འཇོན་ཐང་ཅན་ཞིག་ཏུ་འགྱུར་བ་བྱེད་དགོས་པའི་བཀའ་སློབ་ཡང་གནང་ཡོད། ཤིང་འཛུགས་ཁུལ་དུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཤིང་། ངལ་རྩོལ་ནང་ཞུགས་པའི་འགོ་ཁྲིད་བློ་མཐུན་གྱིས་ཚང་མ་དང་མཉམ་དུ་ས་སྐྱོར་རྒྱག་པ་དང་ཆུ་རྒྱག་པ་སོགས་གནང་བ་དང་། མཛའ་བརྩེའི་སྤེལ་རེས་ཡང་གནང་བས་རྣམ་པ་ཧ་ཅང་གི་འཁྲུག་པོ་ཡོད་པ་རེད།
ཤིང་འཛུགས་ཀྱི་བར་གསེང་དུ། ཞི་ཅིན་ཕིང་གིས་ཡུལ་དངོས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོར་ཀྲུང་ཧྭ་མི་རིགས་ཀྱི་རྒྱུན་མཐུད་གོང་འཕེལ་མངོན་འགྱུར་ཡོང་བ་བྱེད་པ་དེ་ནི་ང་ཚོས་དུས་དང་རྣམ་པ་ཀུན་དུ་འབད་བརྩོན་ལྷོད་མེད་བྱས་པའི་དམིགས་འབེན་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་ཚུན། ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཤིང་འཛུགས་ནགས་གསོ་དང་། མེས་རྒྱལ་ལྗང་འགྱུར་བྱ་རྒྱུར་མཐུན་སྒྲིལ་སྣེ་ཁྲིད་བྱས་པས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ལ། མི་རྣམས་ཧང་སངས་དགོས་པའི་འབྱུང་ཁམས་ཁོར་ཡུག་གི་ངོ་མཚར་ཡང་བཏོད་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ང་ཚོས་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་ཀྱིས་སྒོ་ཀུན་ནས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་དང་། རྒྱལ་ཁོངས་ས་ཆ་ལྗང་འགྱུར་ལ་སྐུལ་འདེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་སྡོད་ཁོར་ཡུག་ལེགས་བཅོས་བཅས་བྱས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་ཉིད་རིམ་བཞིན་མི་རྣམས་ཀྱི་མིག་ལམ་དུ་མངོན་ཡོད། དུས་མཚུངས། ང་ཚོས་ཀྱང་མཐོང་ཐུབ་པ་ཞིག་ལ། འབྱུང་ཁམས་མ་ལག་སྲུང་སྐྱོབ་དང་ཉམས་གསོ་བྱེད་པ་དང་། འབྱུང་ཁམས་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་བཅོས་བྱེད་རྒྱུ་དེ་ནི་དུས་ཐུང་ནང་བསྒྲུབ་ཐུབ་པ་ཞིག་མིན་པས། དེའི་ཐད་ང་ཚོས་མུ་མཐུད་རྒྱུན་བསྲིང་ལྷོད་མེད་ངང་འབད་བརྩོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས་ནགས་ཚལ་ནི་ཆུ་མཛོད་དང་། དངུལ་མཛོད། འབྲུ་མཛོད་བཅས་ཡིན་ལ། ད་ཆ་དེའི་ཐོག་ཏུ་ཐཱན་མཛོད་སྣོན་དགོས། ནགས་ཚལ་དང་རྩྭ་ཐང་གིས་རྒྱལ་ཁབ་འབྱུང་ཁམས་བདེ་འཇགས་ལ་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ནུས་པ་ཐོན་གྱི་ཡོད་ཅིང་། ནགས་རྩྭ་དར་ན་འབྱུང་ཁམས་དར། ད་ཆ། རང་རྒྱལ་གྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་བྱེད་པ་དེ་འབྱུང་ཁམས་ཁོར་ཡུག་ལེགས་བཅོས་ཚད་འགྱུར་ནས་སྤུས་ཚད་འགྱུར་ལྡོག་འགྲོ་བའི་ཕྱོགས་སུ་འགྱུར་ལྡོག་འགྲོ་རྒྱུ་མངོན་འགྱུར་ཡོང་བ་བྱེད་པའི་འགག་རྩའི་དུས་སུ་སླེབས་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་གོང་འཕེལ་གྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོ་ནས་འབྱུང་ཁམས་སྔོན་ལ་འཇོག་པ་དང་སྦགས་མེད་གོང་འཕེལ་གྱི་ལམ་བུར་བསྐྱོད་པ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་ས་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོང་དང་རྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱེད་པར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་ས་ཆ་སྦགས་མེད་ཅན་དུ་འགྱུར་རྒྱུ་ཚན་རིག་དང་མཐུན་པའི་སྒོ་ནས་སྤེལ་བ། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་བསྡོམས་འབོར་དང་སྤུས་ཚད་མཐོ་རུ་གཏོང་བ། འབྱུང་ཁམས་མ་ལག་གི་ཐཱན་འདུས་ནུས་པ་སྲ་བརྟན་དང་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་ཁོར་ཡུག་དང་གནམ་གཤིས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་ཆེད་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་ཆེད་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས་ཞེས་བསྟན་འདུག
ཞི་ཅིན་ཕིང་གིས། ཤིང་འཛུགས་ལྗང་སྲུང་དང་རང་བྱུང་ཁམས་ལ་གཅེས་སྐྱོང་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་བཟང་པོ་ཞིག་རེད། སའེ་ཧན་པཱ་ཡི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་བ། བྱེད་སྟངས་དང་བྱ་ཐབས་གསར་གཏོད་བྱེད་པ། དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ། ཚན་རིག་དང་མཐུན་པ་དང་། གྲོན་ཆུང་། དངོས་སྒྲུབ་བཅས་ཀྱི་སྒོ་ནས་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་རྒྱལ་ཁབ་ཀྱི་ས་ཆ་ལྗང་འགྱུར་དང་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལས་དོན་ཁག་ལ་དམ་འཛིན་ཡག་པོ་བྱས་ནས་མཛེས་སྡུག་ལྡན་པའི་རི་ཀླུང་གིས་མི་དམངས་ལ་བདེ་སྐྱིད་བསྐྲུན་དུ་འཇུག་དགོས་ཞེས་ནན་སྟོན་གནང་བ་རེད།
པེ་ཅིང་དུ་བཞུགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་དོན་ཨུ་ཡོན་སོགས་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་ཡོད་པ་རེད། །