གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་བར་ས་གནས་དེ་གའི་མང་ཚོགས་དང་ལས་བྱེད་པའི་ཁྲོད་ལན་བྱ་བཟང་པོ་བྱུང་བ།

སྤེལ་དུས་: 2020ལོ་06ཟླ་12ཚེས་ 10:14 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་བར་ས་གནས་དེ་གའི་མང་ཚོགས་དང་ལས་བྱེད་པའི་ཁྲོད་ལན་བྱ་བཟང་པོ་བྱུང་བ་དང་། ཚང་མས། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཡིད་ལ་བརྟན་པོར་ངེས་ནས། དུས་བཀག་ལྟར་དབུལ་སྒྲོལ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། མི་རིགས་ཁག་གིས་ལག་གདང་སྦྲེལ་ནས་འབྱོར་འབྲིང་ལམ་བུར་མཉམ་དུ་བསྐྱོད་རྒྱུ་ཡིན་ཞེས་བསྟན་པ།

ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་དུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་སྐབས། སྔ་རྗེས་སུ་ཝུའུ་ཀྲུང་དང་། དབྱིན་ཁྲོན་སོགས་ས་ཆར་ཕེབས་ཏེ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་དེར་སྐུལ་འདེད་གཏོང་བ་དང་། དབུལ་གྲོལ་འགག་སྒྲོལ་གྲུབ་འབྲས་སྲ་བརྟན་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ལ་བརྟག་ཞིབ་གནང་ཡོད། ཁོང་གིས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཚར་བ་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། དཔལ་འབྱོར་དར་རྒྱས་དང་། མི་རིགས་མཐུན་སྒྲིལ། ཁོར་ཡུག་མཛེས་སྡུག་རྣམ་པར་བཀྲ་བ། མི་དམངས་འབྱོར་ཕྱུག་ལྡན་པ་བཅས་ཀྱི་ཉིང་ཞ་གསར་པ་ཞིག་མུ་མཐུད་ནས་འཛུགས་སྐྱོང་བྱ་དགོས་ཞེས་ནན་གསུངས་གནང་ཡོད།

ཉིང་ཞ་ཡི་རྒྱ་ཆེའི་ལས་བྱེད་དང་མང་ཚོགས་ཚོས། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངགས་ཡིད་ལ་བརྟན་པོར་ངེས་པ་དང་། ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། ངར་ཤུགས་གཅིག་ཏུ་སྒྲིམ་པའི་ཐོག་ནས། དུས་བཀག་ལྟར་དབུལ་སྒྲོལ་དམིགས་འབེན་མངོན་འགྱུར་ཡོང་རྒྱུ་འགན་ལེན་བྱེད་པ་དང་། མི་རིགས་ཁག་གིས་མཐུན་སྒྲིལ་ལག་གདང་སྦྲེལ་ནས་འབྱོར་འབྲིང་ལམ་བུར་མཉམ་དུ་བསྐྱོད་རྒྱུ་ཡིན་ཞེས་བསྟན་ཡོད།

ཝུའུ་ཀྲུང་གྲོང་ཁྱེར་ཧུང་སེ་པའོ་ཆུས་ནི་རང་རྒྱལ་གྱི་ས་ཆ་གཞན་དུ་འབྱུང་ཁམས་གནས་སྤོ་བྱས་པའི་དབུལ་སྐྱོར་གཅིག་སྡུད་བཀོད་སྒྲིག་ཁུལ་ཆེ་ཤོས་དེ་ཡིན་པ་དང་། སྤྱི་ལོ ༡༩༩༨ ལོ་ཚུན་དུ། ཉིང་ཞ་སླེའུ་ཕན་ཧྲན་ཁུལ་གྱི་དབུལ་ཕོངས་རྫོང་དང་ཆུས་བརྒྱད་ཀྱི་མང་ཚོགས་ཉིས་འབུམ་གསུམ་ཁྲི་སྔ་རྗེས་སུ་ས་ཆ་འདིར་གནས་སྤོ་བྱས་པ་དང་། ཐང་རྒོད་ཡངས་མོ་སྔོ་ལྗང་ས་གཞིར་འགྱུར་བ་དང་། བྱེ་འབུར་ས་ཆར་ཐོག་བརྩེགས་ཁང་གསར་སྐྲུན་པ་མཚར་ཞེས་པའི་རླབས་ཆེན་མཛད་པ་བཏོད་ཡོད།

སྤྱི་ཚེས ༨ ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུང་སེ་པའོ་ཆུས་ཧུང་སེ་པའོ་གྲོང་རྡལ་ཧུང་དེ་གྲོང་ཚོར་རྟོག་ཞིབ་གནང་སྐབས། ས་གནས་དེ་གའི་དབུལ་སྐྱོར་འཁོར་ཁང་དུ་ཕེབས་ནས། ཤོག་སྒམ་བཟོ་བཞིན་པའི་གྲོང་མི་རྣམས་དང་མཛའ་བརྩེའི་གླེང་མོལ་གནང་ཡོད། སྐབས་དེ་དུས་ཧུང་དེ་གྲོང་ཚོའི་གྲོང་མི་ཝང་ཀུའེ་ཝ་ས་ཡུལ་དངོས་སུ་ཡོད་པ་རེད། ཝང་ཀུའེ་ཝ་ཡིས། ས་ཆ་འདིར་གནས་སྤོ་བྱས་རྗེས་སྟབས་ཧ་ཅང་བདེ་པོ་འདུག ངའི་བློ་ཡུལ་དུ་ཡང་འཁོར་མི་ནུས་པ་ནི་སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་གཟིགས་པར་ཕེབས་པ་དེ་ཡིན། ང་རང་སེམས་འགུལ་ཆེན་པོ་ཐེབས་བྱུང་། སྔོན་ཆད་ཕ་ཡུལ་དུ་འཐུང་ཆུའི་གནད་དོན་ཙམ་ཡང་ཐག་གཅོད་བྱེད་དཀའ་བ་དང་། ད་ལྟ་ས་ཆ་འདིར་གནས་སྤོ་བྱས་རྗེས་ཕྱི་ཕྱོགས་སུ་ཞོར་ལས་རྒྱུག་པར་བསྐྱོད་རྒྱུ་སྟབས་བདེ་པོ་འདུག་ལ་ཡོང་འབབ་ཀྱང་ཡག་པོ་འདུག ཟླ་བ་གཅིག་ལ་སྒོར ༣༠༠༠ ཙམ་གྱི་ཡོང་འབབ་ཡོད་པས། འཚོ་བ་སྐྱིད་པོ་རེད་ཅེས་བརྗོད་ཡོད།

ཉེ་བའི་ལོ་ཤས་རིང་། ཉིང་ཞ་ཡིས་ཐོན་ལས་དབུལ་སྐྱོར་གོང་འཕེལ་ཤུགས་ཆེན་བཏང་བ་དང་། ཁེ་ལས་ཀྱིས་དབུལ་སྐྱོར་འཁོར་ཁང་འཛུགས་རྒྱུར་དང་དོད་བྱས་པས། མང་ཚོགས་རྣམས་ཁྱིམ་སྒོ་འགྲམ་དུ་ལས་ཞུགས་ཐུབ་རྒྱུར་སྟབས་བདེ་བསྐྲུན་ཡོད། དབུལ་སྐྱོར་གསར་སྤེལ་དེ་ཉིད་གཞན་ལ་བརྟེན་པ་ནས་རང་བརྟེན་ལ་འགྱུར་བ་བྱུང་ཡོད། མིག་སྔའི་ཆར། ཉིང་ཞ་ཡི་དབུལ་ཕོངས་ངལ་རྩོལ་པ་ཉིས་འབུམ་ཆིག་ཁྲི་ལས་ཀར་ཞུགས་ཐུབ་པ་བྱུང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཁེ་ལས་ཀྱིས་དབུལ་སྐྱོར་འཁོར་ཁང་བསྐྲུན་པའི་ནང་ཧུར་ཐག་ཞུགས་པའི་ཐོག་ནས། སྔོན་ལ་ཕྱུག་པོ་ཆགས་པ་ཚོས་རྗེས་ལ་ཕྱུག་པོ་ཆགས་མཁན་རྣམས་ཀྱི་སྣེ་ཁྲིད་ཀྱི་ཡོད་པས། དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་ཡོད།

བཀའ་མོལ་དེས་འཁོར་ཁང་དེའི་འགན་འཁུར་བ་ཞུས་ལིང་གི་སེམས་ཤུགས་སྔར་བས་འཕེལ་ཡོད། ཞུས་ལིང་གིས། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོའི་ཕྱིར་འཚོང་སྐོར་བཀའ་འདྲི་གནང་བྱུང་། སྤྱི་ཁྱབ་ཧྲུའུ་ཅིས་ད་དུང་ང་ཚོ་ལས་མི་རྣམས་ཀྱི་ཡོང་འབབ་ལ་ཐུགས་ཁུར་གནང་གི་འདུག སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་དེས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། ང་ཚོས་ཧུར་ཐག་འབད་ཐག་བྱས་ཏེ། ལས་དོན་དེ་བས་ལེགས་པ་བསྒྲུབ་རྒྱུ་ཡིན་ལ། གནས་སྤོས་ལས་ཞུགས་དེ་བས་མང་བ་བསྡུ་བ་དང་། གསར་སྐྲུན་དེ་བས་མང་བ་ཡོད་པ་བྱ་རྒྱུ་ཡིན་ཞེས་བཤད་ཡོད།

ཧུང་དེ་གྲོང་ཚོའི་ཧུའེ་རིགས་གྲོང་མི་ལིའུ་ཁེ་རུའེ་ཡི་ཁྱིམ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཡུལ་མི་རྣམས་ས་ཆ་འདིར་གནས་སྤོ་བྱས་རྗེས། དེ་བས་སྐྱིད་པའི་འཚོ་བ་ད་དུང་བསྐྱལ་རྒྱུ་བསྡད་ཡོད། ཡུལ་མི་རྣམས་ཀྱིས་གྲུབ་འབྲས་ཐོབ་ཀྱང་མུ་མཐུད་འབད་བརྩོན་བྱེད་པ་དང་། རང་ངོས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱེད་པ་བརྒྱུད། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དེ་བས་སྐྱིད་པའི་འཚོ་བ་གསར་པ་བསྐྲུན་རྒྱུའི་ཐུགས་རེ་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་སྐུལ་ལྕག་འོག དབུལ་སྒྲོལ་ཐུབ་ཟིན་པའི་ལིའུ་ཁེ་རུའེ་འབྱོར་འབྲིང་ལམ་དུ་སྐྱོད་པའི་སེམས་ཤུགས་སྔར་བས་ཆེས་ཆེར་འཕེལ་ཡོད། ལིའུ་ཁེ་རུའེ་ཡིས། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོའི་ཐབ་ཚང་གི་གཙང་སྦྲར་གཟིགས་པ་དང་། ང་ཚོའི་ཚལ་དང་། འབྲས། གྲོ་ཞིབ་སོགས་ལ་གཟིགས་སོང་བས། ང་རང་ཧ་ཅང་དགའ་པོ་བྱུང་། ས་ཆ་འདིར་གནས་སྤོ་བྱས་རྗེས་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ང་ཚོ་རང་ཉིད་ནས་ཀྱང་འཚོ་བ་དེ་བས་ཇེ་ལེགས་ཡོང་ཐབས་བྱེད་བཞིན་ཡོད་ཅེས་བཤད་ཡོད།

མིག་སྔར། ཉིང་ཞ་རུ་རྫོང་གཅིག་དང་། མི་ཆིག་ཁྲི་བརྒྱད་སྟོང་བརྒྱད་བརྒྱ་དབུལ་སྒྲོལ་ཐུབ་མེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་ལ་དམིགས་ནས། འབུར་ཐོན་གནད་དོན་དང་ཉམས་ཞན་ལྷུ་ཚིགས་ལ་དོ་ཁུར་བྱེད་དགོས་པ་དང་། ངར་ཤུགས་གཅིག་སྒྲིམ་དང་། གདོང་མཆོངས་བྱས་ཏེ། དུས་བཀག་ལྟར་དབུལ་སྒྲོལ་གྱི་དམིགས་འབེན་མངོན་འགྱུར་ཐུབ་རྒྱུར་འགན་ལེན་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

ཉིང་ཞ་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རིན་ལེང་ཅི་ཡུས་ཀྱིས། ད་ལོ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བྱ་ཐབས་མང་པོ་མཉམ་དུ་བཟུང་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་། མུ་མཐུད་འབད་འཐབ་བྱས་ནས་ལྷོད་གཡེང་མི་ཤོར་བ། ཚད་གཞི་ནན་དུ་བཏང་བ། གྲུབ་འབྲས་སྲ་བརྟན་དུ་བཏང་ནས་དབུལ་ལོག་མི་ཐེབས་པ་བྱེད་པ། དབུལ་སྒྲོལ་གྱི་དམིགས་འབེན་དུས་བཀག་ལྟར་ལེགས་འགྲུབ་ཡོང་རྒྱུར་འགན་ལེན་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས་རྣམས་མཉམ་དུ་འབྱོང་འབྲིང་ཕྱོགས་སུ་བསྐྱོད་ཡོད། ང་ཚོས་ཐེམ་དུད་རེ་རེ་བཞིན་བརྟག་བཤེར་དང་། ཐེམ་དུད་རེ་རེར་རོགས་སྐྱོར་བྱེད་པ། ཞིབ་བཤེར་བཞི་དང་ཁ་གསབ་བཞི་ནན་ཏན་ངང་སྤེལ་ཏེ། ལོ་མཇུག་གོང་ཞི་ཅི་རྫོང་དེ་ཉིད་དབུལ་ཞྭ་ཕུད་ཐུབ་པ་བྱས་ཏེ། དབུལ་ཕོངས་མི་འབོར་ཆིག་ཁྲི་བརྒྱད་སྟོང་བརྒྱད་བརྒྱ་དུས་བཀག་ལྟར་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

དབུལ་སྒྲོལ་དང་། ཁྱོན་ཡོངས་ནས་འབྱོང་འབྲིང་། དེང་རབས་ཅན་མངོན་འགྱུར་བཅས་ཡོང་བར་མི་རིགས་གཅིག་ཀྱང་ལུས་མི་རུང་། ཉིང་ཞ་རུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཝུའུ་ཀྲུང་གྲོང་ཁྱེར་ལིས་ཐུང་ཁུལ་ཅིན་ཧྭ་ཡོན་སྡེ་ཁུལ་དུ་ཕེབས་ཡོད། ཅིན་ཧྭ་ཡོན་སྡེ་ཁུལ་དུ་རྒྱུད་སྡོད་གྲོང་མི ༡༣༨༥༠ ཡོད་པ་དང་། རྒྱ་རིགས་དང་། ཧུད་རིགས། མན་ཇུ་རིགས། སོག་རིགས། བོད་རིགས་སོགས་མི་རིགས་ཁག་གི་མང་ཚོགས་ཞི་མཐུན་མཉམ་གནས་ཡིན་པ་དང་། སྤྱི་ལོ ༢༠༡༩ ལོར། སྡེ་ཁུལ་ཉིད་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་མཉམ་སྡེབ་ལ་བདམས་ཡོད།

གྲོང་མི་དང་མཛའ་བརྩེའི་བཀའ་མོལ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་མི་རིགས་མང་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པ་ཁྱེད་ཚོའི་སྡེ་ཁུལ་ནས་མངོན་གྱི་འདུག ཧུད་རིགས་དང་། རྒྱ་རིགས་གཙོ་བོ་བྱེད་པའི་མི་རིགས་མང་བའི་སྡེ་ཁུལ་ཞིག་རེད་འདུག ཁྱེད་ཚོའི་སྡེ་ཁུལ་ལ་ཉམས་མྱོང་བཟང་པོ་ཡོད་པ་དང་། ལྷག་པར་དུ་མི་རིགས་བར་གྱི་ཞི་མཐུན་མཉམ་གནས་ཀྱི་འབྲེལ་བ་ཡག་པོ་ཡོད་པ་མཐོང་བྱུང་། དེ་ནི་ང་རང་གི་མཐོང་འདོད་ཆེ་ཤོས་བྱེད་ས་ཞིག་ཡིན། ང་ཚོ་ཚང་མ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་མོའི་ནང་གི་ཁོངས་མི་ཞིག་ཡིན། དབུལ་སྒྲོལ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་། དེང་རབས་ཅན་བཅས་མངོན་འགྱུར་ཡོང་བར་མི་རིགས་གཅིག་ཀྱང་ལུས་མི་རུང་བས། ང་ཚོ་ཚང་མས་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་དགོས། དེའི་ཐོག་ནས་ལོ་ངོ་ལྔ་སྟོང་གི་ཀྲུང་ཧྭའི་ཤེས་དཔལ་མངོན་ཡོད་ལ། ང་ཚོའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བཟང་ཆ་ཡང་མངོན་ཡོད་ཅེས་གསུངས་པ་རེད།

ཝུའུ་ཀྲུང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཧྲེན་ཙོ་ཆོན་གྱིས། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱེད་སྒོའི་དཔེ་སྟོན་གྲོང་ཁྱེར་ཞིག་ཡིན་པའི་ངོས་ནས། ཝུའུ་ཀྲུང་གྲོང་ཁྱེར་གྱིས་འགན་འཁྲི་ལྕི་པོ་ཁྲག་ཐོག་ཏུ་འཁུར་ནས། རང་འཁུར་ལས་འགན་ལ་ངོ་མི་གནོང་པར། མི་རིགས་མཐུན་སྒྲིལ་གྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུད་འཛིན་ཡག་པོ་དང་དར་སྤེལ་ཡག་པོ་གཏོང་རྒྱུ་ཡིན། གོམས་སྟབས་རྗེས་མར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དང་རེ་བ་ལག་བསྟར་དོན་འཁྱོལ་བྱས་ནས། མུ་མཐུད་དུ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ང་ཚོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་མཐོར་གཏོང་བཅས་བྱ་རྒྱུ་དང་། མི་རིགས་བྱ་དོན་བཅོས་སྐྱོང་གི་དེང་རབས་ཅན་ལ་འགྱུར་རྒྱུར་མུ་མཐུད་སྐུལ་འདེད་གཏོང་རྒྱུ། ཕྲ་རྒྱན་བཏབ་པ་ལྟ་བུའི་སྡེ་ཁུལ་གྱི་སྒྲོམ་གཞི་གཏོད་དེ། མི་རིགས་ཁག་གི་མང་ཚོགས་མཉམ་གནས་དང་། མཉམ་དུ་སློབ་སྦྱོང་། མཉམ་དུ་ལས་སྒྲུབ། མཉམ་རོལ་བཅས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་ཧུར་ཐག་ངང་བསྐྲུན་རྒྱུ་ཡིན་ཞེས་བསྟན་ཡོད།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱ་དོན་འདི་དག་ལ་ཐུགས་ཁུར་ཆེན་པོ་གནང་བ། འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་གྲངས་ཉུང་མི་རིགས་གཅིག་ཀྱང་ལུས་མི་རུང་། ཞི་ཅིན་ཕིང་གིས་ཉིང་ཞ་རུ་རྟོག་ཞིབ་གནང་བར་ཕེབས་པ། ཞི་ཅིན་ཕིང་གིས་སློབ་ཆེན་འདིར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ།