ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ ༦ ཚེས ༣༠ ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས། ཀྲུང་དབྱང་གི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བཞི་པ་གཙོ་སྐྱོང་གནང་བ་མ་ཟད། གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་དམིགས་འབེན་ལས་འགན་གཙོ་བོ་རྒྱལ་ཁའི་ངང་ལེགས་གྲུབ་ཡོང་བ་བྱེད་པ་དང་། དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བཅས་བྱས་ཏེ། འཕེལ་ཕྱོགས་དང་བསྟུན་ནས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པའི་འགོ་རྩོམ་པར། ངེས་པར་དུ་སྒྱུར་བཅོས་ཀྱི་འགག་སྒྲོལ་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སྒྱུར་བཅོས་ལ་བརྟེན་ནས་དུས་བབ་ལ་འགྱུར་ལྡོག་འགྲོ་བར་ཁ་གཏད་གཅོག་པ་དང་། རྣམ་པ་གསར་པ་གཏོད་པ། དམིགས་འབེན་གྱི་སྣེ་ཁྲིད་དང་གནད་དོན་གྱི་སྟོན་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། སྟོབས་ཤུགས་དང་ནུས་པ་གསོག་འཇོག་བྱེད་མཁས་པོ་བཅས་དགོས་ལ། འགྱུར་ལྡོག་ལ་ངོས་འཛིན་དང་། འགྱུར་ལྡོག་ཡོང་ཐབས་བྱེད་པ། འགྱུར་ལྡོག་ལ་ཁ་གཏད་གཅོག་མཁས་པོ་བྱེད་དགོས་ཤིང་། འགག་རྩ་དམ་པོར་བཟུང་ནས། འཚོལ་ཞིབ་ཧུར་ཐག་བྱེད་པ་དང་། སྒྱུར་བཅོས་ཀྱི་ཕན་འབྲས་མངོན་གསལ་དོད་སར་བཞག་ཐོག སྒྱུར་བཅོས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་གནས་བབ་ཆེན་པོར་ཞབས་འདེགས་དེ་བས་ལེགས་པའི་སྒོ་ནས་ཞུ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
གྲོས་ཚོགས་ཐོག་སྤྱི་ལོ ༢༠༢༠ ལོ་ནས ༢༠༢༢ ལོ་བར་གྱི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི་ཞེས་པ་དང་། ཐོན་གསར་པའི་ཆ་འཕྲིན་ལག་རྩལ་དང་བཟོ་སྐྲུན་ལས་རིགས་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་ཞེས་པ། གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ཚོད་ལྟའི་ཇུས་གཞི་ཞེས་པ། སྨྱན་སྦྱོར་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་རྒྱུར་ སྐུལ་འདེད་གང་མགྱོགས་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་ཞེས་པ། དུས་རབས་གསར་པའི་སློབ་གསོའི་གདེང་འཇོག་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྤྱིའི་ཇུས་གཞི་ཞེས་པ། གཞུང་ཁོངས་རིག་རྩལ་ཁང་དང་ཚོགས་པ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་ཞེས་པ་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། གྲོས་ཚོགས་ཐོག་ད་དུང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་ཀྱི་འཕེལ་རིམ་གནས་ཚུལ་གྱི་སྙན་སེང་གསན་ཡོད།
གྲོས་ཚོགས་ཐོག གཞུང་ཁོངས་ཁེ་ལས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་རྨང་གཞི་དང་ཆབ་སྲིད་ཀྱི་རྨང་གཞི་གལ་ཆེན་ཞིག་དང་ཏང་གི་སྲིད་སྐྱོང་རྒྱལ་དར་གྱི་ཀ་རྟེན་གལ་ཆེན་དང་རྒྱབ་རྟེན་སྟོབས་ཤུགས་ཤིག་ཡིན། ད་ཐེངས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་བརྒྱུད་རིམ་ཁྲོད། གཞུང་ཁོངས་ཁེ་ལས་ཀྱིས་ཁུར་པོ་ལྕི་པོ་འཁུར་ཏེ། འཕྲལ་སྒྲུབ་མཁོ་སྤྲོད་འགན་ལེན་དང་། སྨན་བཅོས་རོགས་སྐྱོར། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོ་ཡོང་བ་བྱ་རྒྱུ་སོགས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད། སླད་ཕྱིན་གྱི་ལོ་གསུམ་ནི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཀྱི་འགག་རྩའི་དུས་མཚམས་ཡིན། ཏང་གིས་གཞུང་དབང་ཁེ་ལས་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ་དང་། གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་བསྒྱུར་བཅོས་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གཙོ་གནད་དམ་འཛིན་དང་། ཞན་ཆ་གསབ་པ། ཉམས་ཞན་ལྷུ་ཚིགས་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། གཞུང་ཁོངས་དཔལ་འབྱོར་གྱི་བཀོད་སྒྲིག་ལེགས་བསྒྱུར་དང་གྲུབ་གཞི་ལེགས་སྒྲིག་བྱ་རྒྱུར་སྐུལ་འདེད་གཏོང་དགོས། གཞུང་ཁོངས་དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་དང་། གསར་གཏོད་ནུས་པ། ཚོད་འཛིན་བྱེད་ནུས། ཤུགས་རྐྱེན་ཐེབས་ཤུགས། ཉེན་ཁ་འགོག་ཤུགས་བཅས་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག ཐོན་གསར་པའི་ཆ་འཕྲིན་ལག་རྩལ་དང་བཟོ་སྐྲུན་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། རེས་འཁོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་འཕེལ་ཕྱོགས་དང་བསྟུན་ནས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་གཞི་རྐང་དུ་བྱེད་པ་དང་། རིག་ནུས་བཟོ་སྐྲུན་ཁ་ཕྱོགས་གཙོ་བོར་བཟུང་ནས། བཟོ་ལས་དྲ་སྦྲེལ་གསར་གཏོད་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་། བཟོ་སྐྲུན་ལས་རིགས་ཀྱི་ཐོན་སྐྱེད་བྱེད་སྟངས་དང་ཁེ་ལས་ཀྱི་རྣམ་པའི་རྩ་བའི་རང་བཞིན་གྱི་འཕོ་འགྱུར་ཇེ་མགྱོགས་སུ་གཏོང་བ། མཉམ་འདྲེས་འཕེལ་རྒྱས་ཀྱི་རྨང་གཞིའི་འདེགས་སྐྱོར་སྲ་བརྟན་དུ་གཏོང་བ། བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། བཟོ་སྐྲུན་ལས་རིགས་ཀྱི་གྲངས་འཛིན་ཅན་དང་། དྲ་སྦྲེལ་ཅན། རིག་ནུས་ཅན་བཅས་ཀྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད།
ཚོགས་འདུའི་ཐོག གྲོང་གསེབ་ཀྱི་ཁང་སའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། ཁང་ས་སྤྱི་ལ་དབང་བའི་དབང་ཆ་དོན་འཁྱོལ་དང་། ཞིང་པའི་ཁང་སའི་ཐོབ་ཐང་དབང་ཆ་དང་ཞིང་པའི་ཁང་པའི་རྒྱུ་ནོར་དབང་ཆ་འགན་སྲུང་། ཁང་ས་དང་ཞིང་པའི་སྡོད་ཁང་བེད་སྤྱོད་འོས་འཚམ་བྱེད་པ་བཅས་ཀྱི་ཞིབ་ཕྲའི་ཐབས་ལམ་དང་བྱེད་ཐབས་འཚོལ་ཞིབ་ཧུར་ཐག་བྱེད་དགོས་པ་དང་། ས་ཆ་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་ངོ་བོ་མི་འགྱུར་བ་དང་། རྨོ་ཞིང་གི་དམར་ཐིག་ལས་མི་བརྒལ་བ། ཞིང་པའི་ཁེ་ཕན་ལ་གནོད་འཚེ་མི་ཕོག་པ་བྱེད་པ་བཅས་མ་མཐའི་མཚམས་ཐིག་གསུམ་མཐའ་གཅིག་ཏུ་སྲུང་སྟེ། ཞིང་པའི་ཁེ་དབང་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། གོང་འཕེལ་ཡག་པོ་གཏོང་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག སྨྱན་སྦྱོར་མཉམ་འདྲེས་བྱ་རྒྱུ་དེ་གཏིང་ཟབ་པའི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། སྒྲིག་གཞི་དང་ལམ་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། ཀུན་འདུས་སྨྱན་སྦྱོར་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཤུགས་རྐྱེན་ཆེན་པོ་དང་འགྲན་རྩོད་ནུས་པ་ཆེན་པོ་ལྡན་པའི་གཙོ་རྒྱུན་སྨྱན་སྦྱོར་གསར་པ་ཁག་གཅིག་འཛུགས་གཉེར་བྱེད་པ། དྲ་ཐོག་དང་དྲ་འོག་གཞི་གཅིག་ཏུ་འགྱུར་བ་དང་ནང་བསྒྲགས་དང་ཕྱི་བསྒྲགས་མཉམ་འགུལ་གྱི་གཙོ་རྒྱུན་གླེང་ཕྱོགས་ཀྱི་གནས་བབ་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་བ། ནང་དོན་འཛུགས་སྐྱོང་བྱ་རྒྱུ་རྩ་བར་འཛིན་པ་དང་། སྔོན་ཐོན་ལག་རྩལ་གྱིས་འདེགས་སྐྱོར་བྱེད་པ། གསར་གཏོད་དོ་དམ་གྱིས་འགན་སྲུང་བྱེད་པ་བཅས་ཀྱི་ཀུན་འདུས་སྨྱན་སྦྱོར་བརྒྱུད་སྤེལ་མ་ལག་འཛུགས་པ། གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་། བསམ་བློའི་ཁྲིད་སྟོན། རིག་གནས་རྒྱུན་འཛིན། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་བརྒྱུད་སྤེལ་ཀྱི་མཐོ་ས་བརྟན་པོར་བཟུང་བ་བཅས་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
ཚོགས་འདུའི་ཐོག སློབ་གསོའི་གདེང་འཇོག་དེ་སློབ་གསོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་འབྲེལ་བ་ཡོད། ཏང་གི་སློབ་གསོའི་བྱེད་ཕྱོགས་སྒོ་ཀུན་ནས་ལག་ལེན་མཐར་ཕྱིན་པ་བསྟར་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། སློབ་གསོའི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ། བྱེད་པོ་མི་འདྲ་བ་དང་སློབ་མཚམས་མི་འདྲ་བ། རིགས་མི་འདྲ་བ་བཅས་ཀྱི་སློབ་གསོའི་ཁྱད་ཆོས་ལ་དམིགས་ཏེ། གྲུབ་འབྲས་ལ་གདེང་འཇོག་བྱེད་སྟངས་ལེགས་བཅོས་བྱེད་པ་དང་། བརྒྱུད་རིམ་ལ་གདེང་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། གནས་ཐང་འཕར་བའི་གདེང་འཇོག་འཚོལ་ཞིབ་བྱེད་པ། ཕྱོགས་བསྡུས་གདེང་འཇོག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱ་དགོས། སྐར་གྲངས་ཁོ་ན་དང་། སློབ་འཕར་ཁོ་ན། སློབ་ཐོན་ལག་ཁྱེར་ཁོ་ན། དཔྱད་རྩོམ་ཁོ་ན། གོ་མིང་ཁོ་ན་བཅས་ལ་བལྟ་བའི་གཅོང་ནད་སེལ་གང་ཐུབ་བྱས་ཏེ། ཚན་རིག་དང་མཐུན་ཞིང་དུས་རབས་ཀྱི་བླང་བྱ་དང་འཚམ་པའི་སློབ་གསོའི་གདེང་འཇོག་ལམ་ལུགས་དང་ལམ་སྲོལ་འཛུགས་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག གཞུང་ཁོངས་རིག་རྩལ་ཁང་དང་ཚོགས་པ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་བའི་ལྟེ་བའི་སྟོབས་ཤུགས་ཡིན་པས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་སྣེ་ཁྲིད་བྱས་ཐོག དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྒྲིལ། མི་སྣ་གསར་པ་གསོ་སྐྱོང་། རིག་གནས་དར་སྤེལ། གཟུགས་བརྙན་འགྲེམས་སྟོན་བཅས་ཀྱི་འགན་འཁྲི་དང་ལས་འགན་ལ་དམིགས་ནས། གནད་དོན་གྱི་ཁྲིད་ཕྱོགས་འབུར་ཐོན་ཡོང་བ་དང་། རིགས་དབྱེའི་ཁྲིད་སྟོན་རྒྱུན་འཁྱོངས་བྱེད་པ། འཁྲབ་སྟོན་གྱིས་ལྟེ་བའི་ལྷུ་ཚིགས་བྱེད་པ་དང་། གཞུང་ཁོངས་རིག་རྩལ་ཁང་དང་ཚོགས་པའི་སྐྱེ་སྟོབས་དང་གསོན་ཤུགས་སྐུལ་སློང་བྱས་ཏེ། བསམ་བློ་ཟབ་པ་དང་། སྒྱུ་རྩལ་རྩེར་སོན། བཟོ་སྐྲུན་སྤུས་ལེགས་བཅས་ཀྱི་གར་སྟེགས་སྒྱུ་རྩལ་བརྩམས་ཆོས་ཕུལ་བྱུང་གསར་རྩོམ་དང་ཐོན་སྐྱེད་བྱས་ནས། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་རེ་ལྟོས་བྱེད་པའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་དགོས་ཞེས་ནན་སྟོན་བྱས་ཡོད།
གྲོས་ཚོགས་ཐོག ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། ང་ཚོས་འཕྲོད་བསྟེན་བདེ་ཐང་བཅོས་སྐྱོང་མ་ལག་གི་སྤྱི་ཡོངས་ཕན་ནུས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་དང་། སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་བཅས་བྱས་པས། སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་དྲ་བ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་པས། ནད་པའི་སྨན་བཅོས་ཀྱི་ཁུར་པོ་རིམ་བཞིན་ཡང་དུ་ཕྱིན་པ་དང་། མི་དམངས་ཀྱི་བདེ་ཐང་གནས་ཚུལ་དང་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲང་གཞག་རང་བཞིན་དང་དུས་ཐོག་རང་བཞིན་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད། ད་ཐེངས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་སྐབས། ང་ཚོའི་སྨན་བཅོས་འཕྲོད་བསྟེན་མ་ལག་གིས་ཚོད་བགམ་ཐེག་སྟེ། ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་ནུས་པ་གལ་ཆེན་བཏོན་ཡོད། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་གལ་ཆེ་ཤོས་སུ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། འཕྲོད་བསྟེན་ཆེ་མོ་དང་བདེ་ཐང་ཆེ་མོའི་འདུ་ཤེས་ཟབ་ཏུ་བཏང་ནས། སྔོན་འགོག་བྱ་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས། ས་གནས་ཁག་གིས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་ཚུལ་ལེགས་སྒྲིག་དང་། ཉམས་མྱོང་དང་བྱ་ཐབས་བཟང་པོ་ཕྱོགས་བསྡོམས་བྱེད་པ། རིམ་པ་དབྱེ་བའི་ནད་བརྟག་སྨན་བཅོས་ལམ་ལུགས་འཐུས་ཚང་བཟོ་བར་སྐུལ་འདེད་མགྱོགས་སུ་གཏོང་བ། སྨན་བཅོས་དང་སྔོན་འགོག་གི་མཐུན་སྦྱོར་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། གཞུང་གཉེར་སྨན་ཁང་ལ་སྒྱུར་བཅོས་གཏིང་ཟབ་བྱེད་པ། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་སྟངས་སྒྱུར་བཅོས་གཏིང་ཟབ་བྱེད་པ། སྨན་བཅོས་འགན་བཅོལ་གྱི་ཐེབས་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྨན་རྫས་མཁོ་སྤྲོད་འགན་སྲུང་བྱ་རྒྱུ་འཐུས་སྒོ་ཚང་དུ་གཏོང་བ། འབྲེལ་ཡོད་ཆ་སྦྱོར་འདེགས་སྐྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་བསྒྱུར་བཅོས་ཀྱི་བྱ་ཐབས་མཉམ་བཟུང་བྱ་དགོས། སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་སུ་ཆ་འཕྲིན་ལག་རྩལ་གསར་པ་བེད་སྤྱོད་བྱེད་པར་ཚད་མཐོའི་མཐོང་ཆེན་དང་། སྨན་བཅོས་འཕྲོད་བསྟེན་དོ་དམ་དང་ཞབས་ཞུའི་རྣམ་པ་བསྐྱར་འཛུགས་བྱས་ནས། ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་དང་ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་དགོས། ཉེ་དུས་ས་ཁུལ་ཁ་ཤས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཐོན་པའི་མངོན་གསལ་དོད་པའི་གནད་དོན་ཐད། སྒྲིག་གཞི་དང་ལམ་ལུགས་ཐོག་ནས་ཐབས་ཤེས་འཚོལ་བ་དང་སྐྱོན་ཆ་གསབ་རྒྱུར་དམ་འཛིན་བྱས་ཏེ། རིམས་ནད་བསྐྱར་ལོག་མི་རྒྱག་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་ཞེས་བཏོན་ཡོད།
གྲོས་ཚོགས་ཐོག ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། སྒྱུར་བཅོས་ཀྱི་ལས་འགན་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུ་དེ་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་དམིགས་འབེན་ལས་འགན་གཙོ་བོ་ལེགས་སྒྲུབ་དང་། དབུལ་གྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བཅས་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་དེ་གཉིས་སྦྲེལ་མཐུད་ཐུབ་པ་བྱེད་པ། དམིགས་ས་ཡོད་པའི་སྒོ་ནས་འགག་རྩའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བཀོད་སྒྲིག་བྱ་དགོས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་འཆར་འགོད་སྐབས་ཀྱི་སྒྱུར་བཅོས་ལས་དོན་སྔོན་ཚུད་ནས་ཇུས་འགོད་བྱེད་པ་དང་། ལམ་ལུགས་དང་བཅོས་སྐྱོང་མ་ལག་འཛུགས་སྐྱོང་ལ་སྔར་བས་དང་དོད་བྱས་ཏེ། བང་རིམ་དེ་བས་གཏིང་ཟབ་ཀྱི་སྒྲིག་གཞི་དང་ལམ་ལུགས་ཀྱི་གནད་དོན་སྔར་བས་མང་བ་ཐག་གཅོད་བྱ་དགོས། སྒྱུར་བཅོས་གསར་གཏོད་ཀྱི་གསོན་ཤུགས་ཆེ་ཤོས་དེ་གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་གནས་ཡོད། བྱ་དངོས་གསར་པ་དང་བྱ་ཐབས་གསར་པར་ལྟ་སྟངས་འཛིན་པར་སྐུལ་ལྕག་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས། གསར་ཐོན་བྱ་དངོས་སྐྱོན་བྲལ་ངང་གོང་འཕེལ་ཡོང་བ་དང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་མགྱོགས་མྱུར་ངང་སྟོབས་ཆེར་གཏོང་དགོས་ཞེས་ནན་སྟོན་གནང་ཡོད། ཀྲུང་དབྱང་གི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོ་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་འབྲུབ་འགོག་གནོད་སེལ་ཐད་གལ་ཆེའི་མཛུབ་སྟོན་གནང་བ། ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་སྲིད་ཏང་གི་གླེང་མོལ་ཚོཌ་འདུའི་དམིགས་བསལ་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་བཏང་གནང་བ། ཞི་ཅིན་ཕིང་གིས་དུག་འགོག་ཐད་མཛུབ་སྟོན་གལ་ཆེན་གནང་བ། ཞི་ཅིན་ཕིང་གིས་ཀྲུའུ་ཞིའི་བཀའ་རྒྱ་གསུམ་ལ་མཚན་བཀོད་གནང་བ།