གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་གནང་བའི་གསལ་བཤད་འདི་ཁྱབ་བསྒྲགས་བྱས་འདུག

སྤེལ་དུས་: 2020ལོ་11ཟླ་04ཚེས་ 16:51 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་སྤྱི་ལོ ༢༠༣༥ ལོའི་རྒྱང་རིང་དམིགས་འབེན་བཟོ་རྒྱུའི་སྐོར་གྱི་གྲོས་འགོར་གསལ་བཤད་གནང་བ་ཁྱབ་བསྒྲགས་བྱས་པ།

སྤྱི་ཟླ ༡༡ པའི་ཚེས ༣ ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་སྤྱི་ལོ ༢༠༣༥ ལོའི་རྒྱང་རིང་དམིགས་འབེན་བཟོ་རྒྱུའི་སྐོར་གྱི་གྲོས་འགོར་གསལ་བཤད་གནང་བ་ཁྱབ་བསྒྲགས་བྱས་པ་རེད།དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་མངགས་བཅོལ་ལྟར་ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་གྲོས་འགོའི་མ་ཟིན་འགོད་པ་དང་འབྲེལ་ཡོད་གནས་ཚུལ་ཐད་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་ཞིག་རེད།

ཞི་ཅིན་ཕིང་གིས་ཐོག་མར་གྲོས་འགོའི་མ་ཟིན་འཆར་འགོད་བྱེད་པའི་བརྒྱུད་རིམ་ཐད་གསལ་བཤད་གནང་ཡོད།

ད་ལོའི་སྤྱི་ཟླ་གསུམ་པར། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་གྲོས་འགོར་གྲོས་ཞིབ་བྱ་རྒྱུ་དང་། ཡིག་ཆའི་མ་ཟིན་འགོད་མཁན་ཚོགས་ཆུང་འཛུགས་པ། བློ་མཐུན་ཞི་ཅིན་ཕིང་ནས་ཙུའུ་ཀྲང་གི་འགན་བཞེས་རྒྱུ་དང་། བློ་མཐུན་ལི་ཁེ་ཆང་དང་། བློ་མཐུན་ཝང་ཧུའུ་ཉིང་། བློ་མཐུན་ཧན་ཀྲེང་བཅས་ནས་ཙུའུ་ཀྲང་གཞོན་པའི་འགན་བཞེས་རྒྱུའི་གཏན་འབེབས་གནང་ཡོད།

སྤྱི་ཟླ ༣ པའི་ཚེས ༣༠ ཉིན། ཏང་ཀྲུང་དབྱང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་གྲོས་འགོར་བསམ་འཆར་བསྡུ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་ནས་ཏང་ཕྱི་ནང་གི་ཁྱབ་ཁོངས་ངེས་ཅན་ཞིག་ནང་བསམ་འཆར་བསྡུ་ལེན་བྱས་ཡོད། སྤྱི་ཟླ ༤ པའི་ཚེས ༡༣ ཉིན། ཡིག་ཆའི་མ་ཟིན་འགོད་མཁན་ཚོགས་ཆུང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་དང་། གྲོས་འགོའི་ཡིག་ཆའི་མ་ཟིན་འགོད་པའི་ལས་དོན་དངོས་སུ་འགོ་བཙུགས་ཡོད།

ད་ཐེངས་ཀྱི་གྲོས་འགོའི་ཡི་གེའི་མ་ཟིན་འགོད་པའི་ཁྱད་ཆོས་གལ་ཆེན་ཞིག་ནི་དམངས་གཙོ་དར་སྤེལ་དང་། ཐབས་ཇུས་གཞན་ལ་འདྲི་བ། བློ་རིག་གཅིག་སྡུད་བྱ་རྒྱུ་བཅས་རྒྱུན་འཁྱོངས་བྱས་པ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་སྒྲིག་བཟོ་བྱེད་པའི་ནང་བླང་བྱ་རབ་དང་རིམ་པ་ཁ་གསལ་བཏོན་གནང་ཡོད་པ་དང་། མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་དང་ཐབས་ཇུས་དམངས་ལ་འདྲི་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་གཅིག་གྱུར་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གིས་རྣམ་པ་སྣ་ཚོགས་ཐོག་ནས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པར་ཐབས་དང་ཇུས་བཏོན་ཡོད། སྤྱི་ཟླ ༧ པའི་ཟླ་སྨད་ནས་སྤྱི་ཟླ ༩ པའི་ཟླ་སྨད་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཁེ་ལས་མཁས་པའི་བཞུགས་མོལ་ཚོགས་འདུ་དང་། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གོང་འཕེལ་ཏན་ཏིག་གཏོང་བའི་བཞུགས་མོལ་ཚོགས་འདུ། དཔལ་འབྱོར་སྤྱི་ཚོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་པའི་བཞུགས་མོལ་ཚོགས་འདུ། ཚན་རིག་མཁས་པའི་བཞུགས་མོལ་ཚོགས་འདུ། གཞི་རིམ་གྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ། སློབ་གསོ་རིག་གནས་འཕྲོད་བསྟེན་ལུས་རྩལ་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་པའི་འཐུས་མིའི་བཞུགས་མོལ་ཚོགས་འདུ་བཅས་གཙོ་སྐྱོང་གནང་ནས། ཕྱོགས་ཁག་གིས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པར་བཏོན་པའི་བསམ་འཆར་དང་གྲོས་འགོ་གསན་གནང་ཡོད། སྤྱི་ཟླ ༨ པའི་ཚེས ༡༦ ཉིན་ནས་ཚེས ༢༩ ཉིན་བར། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་སྒྲིག་བཟོའི་ལས་དོན་ཐད་དྲ་ཐོག་ཏུ་བསམ་འཆར་བསྡུ་ལེན་བྱས་ཡོད། རྒྱ་ཆེའི་མི་དམངས་མང་ཚོགས་ནས་ཧུར་ཐག་ངང་ཞུགས་པ་དང་། ཡི་གེ་ས་ཡ་གཅིག་ལྷག་བཞག་པ། འབྲེལ་ཡོད་ཕྱོགས་ཁག་ནས་དེའི་ཁྲོད་ཀྱི་གྲོས་འགོ་ཆིག་སྟོང་ལྷག་ལེགས་སྒྲིག་བྱས་ཡོད།

ཡིག་ཆའི་མ་ཟིན་འགོད་མཁན་ཚོགས་ཆུང་གིས་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་གསན་པ་དང་གྲོས་བསྡུར་དང་བཟོ་བཅོས་ཡང་སེ་བྱས་ཏེ་གྲོས་འགོའི་ཡི་གེའི་མ་ཟིན་འགོད་པའི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ཡོད།

ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་གྲོས་ཚོགས་ཀྱི་གཏན་འབེབས་ལ་གཞིགས་ནས། སྤྱི་ཟླ ༨ པའི་ཚེས ༡༠ ཉིན། གྲོས་འགོའི་མ་ཟིན་ཡི་གེ་ཏང་ནང་ཁུལ་གྱི་ཁྱབ་ཁོངས་ངེས་ཅན་ཞིག་ནང་བཀྲམ་ནས་བསམ་འཆར་བསྡུ་ལེན་བྱས་པ་དང་། དེའི་ནང་ཏང་ནང་ཁུལ་གྱི་བློ་མཐུན་རྒན་གྲས་ཁག་གཅིག་གི་བསམ་འཆར་བསྡུ་ལེན་བྱས་པ་ཚུད་ཡོད། ད་དུང་ཆེད་མངགས་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ཚོགས་པའི་འགན་འཁུར་བ། ཏང་ཤོག་གང་ལའང་མ་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་གསན་ཡོད་པ་རེད།

ཡིག་ཆའི་མ་ཟིན་འགོད་མཁན་ཚོགས་ཆུང་གིས་ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་རེ་རེ་བཞིན་ལ་དབྱེ་ཞིབ་བྱས་ཏེ། བསྡུ་ལེན་བྱ་དགོས་པའི་རིགས་བསྡུ་གང་ཐུབ་བྱས་པ་དང་། གྲོས་འགོའི་མ་ཟིན་ཁ་སྣོན་བྱ་དགོས་སར་ཁ་སྣོན་བྱས་པ་དང་བཟོ་བཅོས་རྒྱག་དགོས་སར་བཟོ་བཅོས་བརྒྱབ་པ། ཡིག་འབྲུ་མདོར་བསྡུས་གཏོང་དགོས་སར་མདོར་བསྡུས་བཏང་བ་བཅས་ཐེངས་གྲངས ༣༦༦ ཟིན་པ། ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ ༥༤༦ ལ་ཁྱབ་ཡོད། དེ་ནི་རང་རྒྱལ་གྱི་ཏང་ནང་ཁུལ་དུ་དམངས་གཙོ་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན། གྲོས་འགོའི་ཡི་གེའི་མ་ཟིན་འགོད་རིང་། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་གསུམ་འཚོགས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་ཐེངས་གཉིས་འཚོགས་ཏེ་ཁག་སོ་སོར་གྲོས་ཞིབ་བྱས་པས། ད་ཐེངས་ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱ་རྒྱུར་ཕུལ་བའི་གྲོས་འགོའི་མ་ཟིན་ཡི་གེ་འདི་གྲུབ་ཡོད་པ་རེད།

ཞི་ཅིན་ཕིང་གིས་གསལ་བཤད་ནང་། གྲོས་འགོའི་མ་ཟིན་འགོད་པའི་སྤྱི་ཡོངས་ལ་བསམ་གཞིགས་བྱེད་པ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་ཆེད་བཏོན་པའི་དུས་མཚམས་གཉིས་ཀྱི་ཐོག་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་ལྟར། འབྱུང་འགྱུར་དུས་མཚམས་ཤིག་རིང་རྒྱལ་ཁབ་ཕྱི་ནང་གི་གོང་འཕེལ་འཕེལ་ཕྱོགས་དང་། རང་རྒྱལ་གྱི་གོང་འཕེལ་ཆ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ནས་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོར་དམ་འཛིན་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་གཏིང་ཟབ་བྱས་ཏེ་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་རང་རྒྱལ་གོང་འཕེལ་ཆེད་བཏོན་པའི་གོ་རིམ་ལྡན་པའི་འཆར་འགོད་དང་འཐབ་ཇུས་བཀོད་སྒྲིག་བྱས་པ་ཞིག་རེད་ཅེས་བསྟན་ཡོད།

གྲོས་འགོའི་མ་ཟིན་འགོད་པའི་བརྒྱུད་རིམ་ནང་། གཤམ་གསལ་གྱི་རྩ་དོན་ལ་དམ་འཛིན་བྱ་རྒྱུར་ཡིད་གཟབ་བྱས་ཡོད། དང་པོ། རྒྱུན་འཛིན་དང་གསར་གཏོད་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་པ་དང་། ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་སྦྲེལ་མཐུད་ཡག་པོ་བྱས་པ། གཉིས་པ། སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་པ་དང་། རང་རྒྱལ་གྱི་ལམ་ལུགས་བཟང་ཆ་འདོན་སྤེལ་དེ་བས་ཡག་པ་བྱས་ཡོད། གསུམ་པ། སྒོ་དབྱེ་དང་རང་བདག་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་པ་དང་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ཆེན་པོ་གཉིས་ལ་གཅིག་གྱུར་ཐོག་འཆར་འགོད་ཡག་པོ་བྱས་ཡོད། བཞི་པ། གོང་འཕེལ་དང་བདེ་འཇགས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་པ་དང་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ལ་ཤུགས་རྐྱེན་བཟོ་བའི་མ་ལག་རང་བཞིན་གྱི་ཉེན་ཁར་སྔོན་འགོག་དང་ཁ་གཏད་ནུས་ལྡན་བཅག་ཡོད། ལྔ་པ། འཐབ་ཇུས་དང་འཐབ་རྩལ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་པ་དང་། མིག་རྒྱང་རིང་ཞིང་སྤྱོད་གོ་ཆོད་པའི་འཆར་འགོད་གྲོས་འགོ་བཟོས་ཡོད།

གྲོས་འགོའི་མ་ཟིན་དེ་ནི་ནང་དོན་ཁག ༡༥ ལས་གྲུབ་པ་དང་། དོན་གཞི་ཆེ་བ་གསུམ་ལ་དབྱེ་ཡོད། དོན་གཞི་དང་པོ་ནི་སྤྱི་བཤད་གླེང་བ་དང་། དོན་གཞི་གཉིས་པ་ནི་བྱེ་བྲག་གླེང་བ། དོན་གཞི་གསུམ་པ་ནི་མཇུག་བསྡུ་བ་བཅས་ཡིན། ཞི་ཅིན་ཕིང་གིས་གཙོ་གནད་གནད་དོན་ཁག་ཅིག་ལ་གསལ་བཤད་གནང་བ་སྟེ།

དང་པོ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དེ་བརྗོད་གཞི་གཙོ་བོར་བཟུང་རྒྱུའི་སྐོར་རེད། གྲོས་འགོའི་མ་ཟིན་ནང་། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་གི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱིས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དེ་བརྗོད་གཞི་གཙོ་བོར་བཟུང་དགོས་པ་དང་། འདི་ནི་རང་རྒྱལ་གྱི་གོང་འཕེལ་དུས་མཚམས་དང་གོང་འཕེལ་ཁོར་ཡུག གོང་འཕེལ་ཆ་རྐྱེན་གྱི་འགྱུར་ལྡོག་བཅས་ལ་གཞིགས་ནས་གནང་བའི་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་ཞིག་ཡིན་ཞེས་བསྟན་ཡོད།

སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་བྱ་གཙོ་བོར་བཟུང་བར། ངེས་པར་དུ་གོང་འཕེལ་གྱི་འདུ་ཤེས་གསར་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་དགོས་པ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་གཙོ་ཐིག་ཏུ་བཟུང་དགོས་པ། སྤུས་ཚད་ཨང་དང་པོར་འཇོག་རྒྱུ་དང་ཕན་འབྲས་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་གྱི་བྱ་ཐབས་བརྗེ་སྒྱུར་ཏན་ཏིག་བྱེད་པ། སྤུས་ཚད་ཀྱི་འཕོ་འགྱུར་དང་ལས་ཆོད་ཀྱི་འཕོ་འགྱུར། སྒུལ་ཤུགས་ཀྱི་འཕོ་འགྱུར་བཅས་ལ་སྐུལ་འདེད་བཏང་སྟེ་གོང་འཕེལ་གྱི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་སྔར་བས་ཕན་བདེ་སྐྲུན་ཐུབ་པ་དང་། མི་དམངས་ནས་མཛེས་སྡུག་ལྡན་པའི་འཚོ་བར་ཕྱོགས་པའི་འདུན་པ་རྒྱུན་ཆད་མེད་པར་མངོན་འགྱུར་ཡོང་བ་བྱ་དགོས།

གཉིས་པ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཏོད་རྒྱུས་གཙོ་ཐིག་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་རྒྱུའི་སྐོར་རེད། གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་པ་དེ་ནི་དུས་བསྟུན་མཉམ་སྐྱོད་སྒོ་ནས་རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་གྱི་ཆུ་ཚད་མཐོ་རུ་གཏོང་བའི་འཐབ་ཇུས་ཀྱི་གདམ་ག་ཞིག་རེད་ལ། རང་རྒྱལ་གྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་དང་འགྲན་རྩོད་ཀྱི་བཟང་ཆ་གསར་པ་གཏོད་པའི་འཐབ་ཇུས་ཀྱི་གདམ་ག་ཞིག་ཀྱང་རེད།

གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་པར། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་རྒྱུན་འཁྱོངས་བྱས་ཏེ་ཐོན་སྐྱེད་དང་ཁག་བགོས། འཁོར་རྒྱུག འཛད་སྤྱོད་བཅས་རྒྱལ་ནང་གི་ཁྲོམ་རར་བརྟེན་ཚད་མང་དུ་བཏང་ནས་རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་བཟང་པོ་ཐུབ་པ་བྱེད་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་ཀྱི་འཐབ་ཇུས་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། མཁོ་སྤྲོད་མ་ལག་གིས་རྒྱལ་ནང་དགོས་མཁོར་འཚམ་འདེགས་ཐུབ་ཚད་མཐོ་རུ་གཏོང་བ། དཔལ་འབྱོར་འཁོར་རྒྱུག་གི་འགག་གནས་སེལ་བ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་ཆ་ཚང་རང་བཞིན་མཐོ་རུ་གཏོང་བ་བཅས་བྱས་ནས། རྒྱལ་ནང་ཁྲོམ་ར་དེ་མཐའ་མའི་དགོས་མཁོའི་ཡོངས་ཁུངས་གཙོ་བོར་འགྱུར་བ་དང་། དགོས་མཁོས་མཁོ་སྤྲོད་ལ་སྣེ་ཁྲིད་དང་མཁོ་སྤྲོད་ཀྱིས་དགོས་མཁོ་གཏོད་པའི་ཆུ་ཚད་སྔར་བས་མཐོ་བའི་འགུལ་རྣམ་དོ་སྙོམས་ཤིག་ཆགས་པ་བྱ་དགོས། གོང་འཕེལ་གྱི་གནས་སྟངས་གསར་པ་ནི་སྒོ་བཀག་རྣམ་པའི་རྒྱལ་ནང་འཁོར་རྒྱུག་ཅིག་གཏན་ནས་མིན་པར། དེ་ནི་སྒོ་མོ་དབྱེ་བའི་རྒྱལ་ཁབ་ཕྱི་ནང་གི་འཁོར་རྒྱུག་ཅིག་རེད།

གསུམ་པ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་སྤྱི་ལོ ༢༠༣༥ ལོའི་དཔལ་འབྱོར་གོང་འཕེལ་གྱི་དམིགས་འབེན་སྐོར་རེད།

ཏང་ཀྲུང་དབྱང་གི་གྲོས་འགོ་ནི་གཙོ་བོ་ཁ་ཕྱོགས་ཆེན་པོར་དོ་དམ་དང་འཐབ་ཇུས་ཆེན་པོ་འདིང་བ་ཞིག་ཡིན། ཕྱོགས་ཁག་གི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ཏེ། གྲོས་འགོའི་འཆར་ཟིན་གྱིས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་དང་སྤྱི་ལོ ༢༠༣༥ ལོའི་དཔལ་འབྱོར་གོང་འཕེལ་དམིགས་འབེན་ཐད་ངོ་བོ་གཏན་འཁེལ་གྱི་ཞིབ་གླེང་བྱ་རྒྱུ་གཙོ་བོར་བཟུང་པ་དང་། གྲངས་ཚད་གཏན་འཁེལ་ཚུད་པའི་བྱ་ཐབས་སྤྱད་ཡོད། འཆར་གཞིའི་རྩ་གནད་ཅེས་པ་སྒྲིག་བཟོ་བྱེད་སྐབས་ཞིབ་རྩིས་ནན་ཏན་བྱེད་པའི་རྨང་གཞིའི་སྟེང་དེ་བསྟུན་གྱི་གྲངས་བཅད་དམིགས་འབེན་འདོན་ཆོག་གི་ཡོད།

བཞི་པ། མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར། ཐུན་མོང་འབྱོར་ཕྱུག་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་པ་དང་། མི་དམངས་མང་ཚོགས་ཀྱི་ཐུན་མོང་གི་རེ་བ་ཡིན། ང་ཚོས་ངེས་པར་དུ་མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བ་བྱ་རྒྱུ་དེ་དེ་བས་གལ་ཆེ་བའི་གནས་བབ་ཐོག་འཇོག་དགོས་པ་དང་། ཏན་ཏན་ཏིག་ཏིག་དང་སྙིང་རུས་གཏན་འཁྱོངས་ཀྱིས་དམིགས་འབེན་འདི་ལ་ཁ་ཕྱོགས་ཏེ་འབད་བརྩོན་ལྷོད་མེད་བྱེད་དགོས། དེར་བརྟེན། གྲོས་འགོའི་འཆར་ཟིན་གྱིས་སྤྱི་ལོ ༢༠༣༥ ལོར་སླེབས་དུས་སྤྱིའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱང་རིང་དམིགས་འབེན་མངོན་འགྱུར་ཡོང་བ་བྱ་རྒྱུའི་ཐད་མི་དམངས་ཡོངས་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བ་བྱ་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་ཡོང་བ་བྱེད་དགོས་ཞེས་བཏོན་ཡོད་པ་དང་། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་བཅོས་བྱ་རྒྱུའི་ཐད་གཙོ་གནད་ཐོག་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་བཏོན་པ། གཞན་ཡང་བླང་བྱ་གལ་ཆེན་དང་བྱ་ཐབས་གལ་ཆེན་ཁག་ཅིག་བཏོན་ཡོད། ཞིབ་གླེང་འདི་འདྲ་ཏང་གི་ཚང་འཛོམས་གྲོས་ཚོགས་ཀྱི་ཡིག་ཆའི་ནང་ཐོན་ཐེངས་དང་པོ་ཡིན།

ལྔ་པ། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུའི་སྐོར། བདེ་འཇགས་ནི་གོང་འཕེལ་གྱི་སྔོན་འགྲོ་ཡིན་པ་དང་། གོང་འཕེལ་ནི་བདེ་འཇགས་ཀྱི་འགན་སྲུང་ཡིན། དེའི་དོན་ང་ཚོའི་ངོས་ནས་བརྗོད་ན་མྱོང་ཚོར་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། གྲོས་འགོའི་འཆར་ཟིན་ནང་ས་བཅད་ལོགས་སུ་དབྱེ་ནས་གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱ་རྒྱུ་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ཇེ་མགྱོགས་གཏོང་རྒྱུ་སོགས་ཀྱི་ཐད་འཐབ་ཇུས་བཀོད་སྒྲིག་བྱེད་པ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་དགོས་པ། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་རྭ་བརྟན་དུ་གཏོང་དགོས་པ་བཅས་ནན་སྟོན་བྱས་ཡོད།

དྲུག་པ། མ་ལག་གི་ལྟ་བ་རྒྱུན་འཁྱོངས་བྱ་རྒྱུའི་སྐོར། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་རྗེས། ང་ཚོས་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་འགོ་ཚུགས་རྒྱུ་ཡིན། རང་རྒྱལ་གྱི་གོང་འཕེལ་ཁོར་ཡུག་ལ་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་འཕྲད་པ་དང་། གོང་འཕེལ་དོ་སྙོམས་མེད་པ་དང་འཐུས་ཚང་བྱུང་མེད་པའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ཁྲོད་ཀྱི་འགལ་ཟླ་རྙོག་འཛིང་ཆེ་བས། ངེས་པར་དུ་མ་ལག་གི་ལྟ་བ་ནས་འགོ་ཚུགས་ཏེ་འཆར་འགོད་དང་ཐག་གཅོད་བྱེད་དགོས་པ་དང་། ཁྱབ་ཁོངས་ཁག་གི་ལས་དོན་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་མཐུན་སྦྱོར་གྱིས་སྐུལ་འདེད་གཏོང་དགོས།

བདུན་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱ་རྒྱུའི་ལེགས་འགྲུབ་གནས་ཚུལ་དང་ཁྱབ་བསྒྲག་དུས་ཚོད་སྐོར། མིག་སྔ་ནི་སྔར་བཞིན་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱ་རྒྱུའི་དམིགས་འབེན་ལེགས་འགྲུབ་བྱེད་མུས་ཀྱི་དུས་ཡིན་པར་དམིགས་ཏེ། གྲོས་འགོའི་འཆར་ཟིན་ནང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱ་རྒྱུར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་འཁོད་ཡོད། སང་ལོའི་ལོ་སྟོད་དུ་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་བྱ་རྒྱུར་གོ་རིམ་ལྡན་པའི་དཔྱད་དཔོག་དང་ཕྱོགས་བསྡོམ་བྱ་རྒྱུ་ཡིན་པ་དང་། དེ་རྗེས་རང་རྒྱལ་གྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ་དངོས་སུ་ཁྱབ་བསྒྲག་བྱ་རྒྱུ་ཡིན་པ་རེད།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་ཏང་ཕྱིའི་མི་སྣའི་བཞུཊ་མོལ་ཚོཊ་འདུ་གཙོ་སྐྱོང་གནང་བ། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས། ཞི་ཅིན་ཕིང་གི་གསུང་བཤད་ལ་འཐབ་འཛིང་པ་ཚོའི་ཁྲོད་ལན་ཆ་ཆེན་པོ་བྱུང་། ཞི་ཅིན་ཕིང་ནས་གཉིས་བཀུར་དཔེ་བཟང་ལ་མཇལ་འཕྲད་གནང་བ།