ཞི་ཅིན་ཕིང་གིས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་མི་སྣའི་སྐད་ཆ་ཤོད་རེས་ཀྱི་གྲོས་ཚོགས་ཐོག་བརྗོད་དོན་གཙོ་བོའི་གསུང་བཤད་གནང་བ།
རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས ༡༩ ཉིན་པེ་ཅིང་དུ་བརྙན་མཐོང་རྣམ་པའི་ཐོག་ནས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་མི་སྣའི་སྐད་ཆ་ཤོད་རེས་ཀྱི་གྲོས་ཚོགས་ལ་ཞུགས་གནང་བ་མ་ཟད། འགོ་བརྗོད་དུ་གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་ནས། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་ཐུབ་པ་བྱེད་དགོས་ཞེས་པའི་བརྗོད་དོན་གཙོ་བོའི་གསུང་བཤད་གནང་བ་དང་། ཁོང་གིས། འཛམ་གླིང་ནི་ཁ་བྲལ་ཐབས་མེད་པའི་ལས་དབང་གཅིག་མཐུན་མ་ལག་ཡིན་པས། ཁྱོན་ཡོངས་ནས་རིམས་འགོག་གི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། འཛམ་གླིང་དཔལ་འབྱོར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོས་གོང་འཕེལ་གྱི་གནས་སྟངས་གསར་པ་ཧུར་ཐག་ངང་གཏོད་དགོས་པ་དང་། ཕྱི་ཕྱོགས་སྒོ་དབྱེ་རྒྱུན་འཁྱོངས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་ཐུབ་པ་བྱེད་པ། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་དང་འཛམ་གླིང་གི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས་ཞེས་ནན་སྟོན་གནང་བ་རེད།
ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་རིམས་ནད་ཀྱིས་མིའི་རིགས་ཀྱི་ལས་དབང་མཉམ་གནས་ཡིན་པ་དང་། རྒྱལ་ཁབ་ཁག་གི་ཁེ་ཕན་འབྲེལ་མཐུད་དམ་ཟབ་ཡིན་པ། འཛམ་གླིང་ནི་ཁ་བྲལ་ཐབས་མེད་པའི་ལས་དབང་གཅིག་མཐུན་མ་ལག་བཅས་ཡིན་པ་སླར་ཡང་གསལ་བཤད་བྱས་ཡོད། རྒྱལ་ཁབ་ཁག་གིས་སོ་སྲུང་རོགས་རེས་དང་ཕྱར་བ་གྲུ་འདེགས་ཀྱིས་རོགས་ཟླའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དང་སྲིད་ཇུས་སྦྲེལ་མཐུད་དང་མཐུན་སྦྱོར་དམ་ཟབ་བྱས་ཏེ། ཁྱོན་ཡོངས་ནས་རིམས་འགོག་གི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་རྒྱུ་རྒྱུན་འཁྱོངས་བྱེད་པ། རིམས་ནད་ཀྱི་གནས་ཚུལ་ལས་སྔ་ཙམ་རྒྱལ་རྒྱུར་བརྩོན་ལེན་བྱེད་པ་བཅས་བྱས་ཏེ། འཛམ་གླིང་དཔལ་འབྱོར་ཤུགས་དྲགས་དང་། རྒྱུན་མཐུད། དོ་སྙོམས། ཁོང་ཡངས་བཅས་ཀྱི་སྒོ་ནས་འཕར་སྣོན་མངོན་འགྱུར་ཐུབ་རྒྱུར་འབད་བརྩོན་བྱེད་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ནི་བརྟན་པོའི་ཁྲོད་ཡག་པའི་ཕྱོགས་སུ་འགྲོ་བ་དང་རྒྱུན་རིང་ཁྲོད་ཡག་པའི་ཕྱོགས་སུ་འགྲོ་བའི་རྨང་གཞིའི་ངོ་བོར་འགྱུར་ལྡོག་བྱུང་མེད། ང་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་གོང་འཕེལ་གྱི་དུས་རིམ་གསར་པ་ཁོང་དུ་ཆུད་པ་བྱེད་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་མཐའ་གཅིག་ཏུ་བསྟར་སྟེ། གོང་འཕེལ་གྱི་གནས་སྟངས་གསར་པ་ཧུར་ཐག་ངང་གཏོད་དགོས་ཏེ།
གཅིགང་ཚོས་ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་དམ་འཛིན་བྱས་ཏེ་རྒྱལ་དམངས་དཔལ་འབྱོར་གྱི་འཁོར་རྒྱུག་ཤར་གཏོང་ཐུབ་པ་བྱ་དགོས། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་མུ་མཐུད་ཟབ་ཏུ་བཏང་སྟེ། དགོས་མཁོས་མཁོ་སྤྲོད་ལ་ཁྲིད་སྟོན་དང་། མཁོ་སྤྲོད་ཀྱིས་དགོས་མཁོ་གཏོད་རྒྱུའི་ཆུ་ཚད་ཀྱི་འགུལ་རྣམ་དོ་སྙོམས་སྔར་ལས་ལྷག་པ་ཡོང་བ་བྱ་དགོས།
གཉིས། ང་ཚོས་ཚན་རྩལ་གསར་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་དཔལ་འབྱོར་གོང་འཕེལ་གྱི་སྒུལ་ནུས་གསར་པ་གཏོད་པ། གསར་སྐྲུན་གྱིས་གོང་འཕེལ་ལ་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ལ་སྐུལ་འདེད་བཏང་ནས་ཐོན་ལས་འབྲེལ་ཐག་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།
གསུམ། ང་ཚོས་རྒྱུན་མཐུད་སྒྱུར་བཅོས་ཟབ་ཏུ་བཏང་ནས་ཁྲོམ་རའི་གསོན་ཤུགས་འདོན་སྤེལ་གང་ལེགས་བྱ་དགོས། བློ་སྟོབས་སྔར་བས་ཆེ་བ་དང་བྱ་ཐབས་སྔར་བས་མང་བར་བརྟེན་ནས་བང་རིམ་གཏིང་ཟབ་པའི་ལམ་ལུགས་དང་ལམ་སྲོལ་གྱི་འགོག་རྐྱེན་སེལ་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་བ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོས་སྔ་ས་ནས་འཛམ་གླིང་གི་དཔལ་འབྱོར་དང་རྒྱལ་སྤྱིའི་མ་ལག་གཉིས་མཉམ་འདྲེས་གཏིང་ཟབ་ཡོང་བ་བྱས་ཡོད། ང་ཚོས་གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་པ་ནི་སྒོ་བཀག་རྣམ་པའི་རྒྱལ་ནང་འཁོར་རྒྱུག་རྐྱང་པ་ཞིག་གཏན་ནས་མིན་པར་སྒོ་དབྱེ་དང་ཕན་ཚུན་སྐུལ་འདེད་གཏོང་བའི་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཡིན།
གོང་འཕེལ་གྱི་གནས་སྟངས་གསར་པའི་འོག ཀྲུང་གོའི་ཁྲོམ་རའི་གོང་འཕེལ་གཏོང་གཞི་འདོན་སྤེལ་གང་ལེགས་བྱས་ཏེ། འཛམ་གླིང་རྒྱལ་ཁབ་ཁག་ལ་དགོས་མཁོ་དེ་བས་མང་བ་གཏོད་རྒྱུ་ཡིན། ང་ཚོས་མུ་མཐུད་སྒོ་ཁྲལ་དང་ལམ་ལུགས་རང་བཞིན་གྱི་མ་གནས་དམའ་རུ་གཏོང་བ་དང་། ནང་འདྲེན་ཉོ་ཚོང་ལ་བརྟེན་ནས་གསར་སྐྲུན་ལ་སྐུལ་འདེད་གཏོང་བའི་དཔེ་སྟོན་ཁུལ་ཁག་གཅིག་སྐྱེད་སྲིང་བྱེད་པ། རྒྱལ་ཁབ་ཁག་གི་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ཐོན་རྫས་དང་ཞབས་ཞུ་ནང་འདྲེན་རྒྱ་ཆེར་གཏོང་རྒྱུ་ཡིན།
གོང་འཕེལ་གྱི་གནས་སྟངས་གསར་པའི་འོག ཀྲུང་གོའི་བསྒྱུར་བཅོས་སྒོ་དབྱེའི་སྒོ་མོ་སྔར་བས་རྒྱ་ཆེར་བཏང་ནས་འཛམ་གླིང་རྒྱལ་ཁབ་ཁག་ལ་གོང་འཕེལ་གྱི་གོ་སྐབས་མཉམ་སྤྱོད་བྱེད་རྒྱུ་ཡིན། ཀྲུང་གོས་མུ་མཐུད་དེ་ཉོ་ཚོང་དང་མ་འཇོག་རང་དབང་ཅན་དང་སྟབས་བདེ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཕྱི་ཕྱོགས་ཚོང་པའི་མ་འཇོག་མ་བྱས་གོང་གི་རྒྱལ་དམངས་ཐོབ་ཐང་དང་བཀག་འཇོག་གསལ་ཐོའི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་ལྟར་ཕྱི་ཕྱོགས་མ་འཇོག་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ། ཞབས་ཞུའི་ལས་རིགས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུ་རིམ་གྱིས་ཆེ་རུ་གཏོང་བ་བཅས་བྱས་ནས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་གཏོད་རྒྱུ་ཡིན། རང་མོས་ཉོ་ཚོང་ཁུལ་ལ་བསྒྱུར་བཅོས་ཀྱི་རང་བདག་དབང་ཆ་དེ་བས་ཆེ་བ་སྤྲོད་རྒྱུ་དང་། ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་རྒྱུན་མཐུད་ངང་རྒྱབ་སྐྱོར་བྱ་རྒྱུ། གོ་ལའི་དཔལ་འབྱོར་བཅོས་སྒྲིག་གི་མ་ལག་བསྒྱུར་བཅོས་ནང་ཧུར་ཐག་ཞུགས་རྒྱུ་ཡིན།
གོང་འཕེལ་གྱི་གནས་སྟངས་གསར་པའི་འོག ཀྲུང་གོ་དང་ཕྱི་ཕྱོགས་བར་མཉམ་ལས་བྱེད་ཤུགས་སྔར་བས་ཟབ་ཏུ་འགྲོ་རྒྱུ་རེད་ལ། འཛམ་གླིང་རྒྱལ་ཁབ་ཁག་བར་གཉིས་ཕན་མཉམ་རྒྱལ་ཡོང་བ་བྱེད་རྒྱུ་ཡིན། ང་ཚོས་རྒྱལ་སྤྱིའི་ལས་བགོས་ནང་ཧུར་ཐག་ཞུགས་རྒྱུ་དང་གོ་ལའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག རིན་ཐང་སྦྲེལ་ཐག་བཅས་ཀྱི་ནང་མཉམ་འདྲེས་གང་ལེགས་ཐུབ་པ་བྱ་རྒྱུ་ཡིན། ཀྲུང་གོ་དང་མཉམ་ལས་བྱ་འདོད་ཡོད་པའི་རྒྱལ་ཁབ་དང་ས་ཁུལ། ཁེ་ལས་བཅས་ལ་ང་ཚོས་མཉམ་ལས་གང་ཟབ་སྤེལ་འདོད་ཡོད། ང་ཚོས་ཕྱོགས་མང་རིང་ལུགས་དང་མཉམ་གྲོས་མཉམ་འཛུགས་མཉམ་སྤྱོད་བཅས་ཀྱི་རྩ་དོན་མུ་མཐུད་རྒྱུན་འཁྱོངས་བྱས་ནས། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་གི་མཉམ་སྐྲུན་ལ་སྐུལ་འདེད་དང་སྦགས་མེད་གོང་འཕེལ་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་ཞེས་ནན་སྟོན་གནང་བ་རེད།
ཞི་ཅིན་ཕིང་གིས། ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ནི་ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་ཡིན། ན་ནིང་། ང་རང་ནས་སྒོ་དབྱེ་ཁོག་ཡངས་དང་གསར་གཏོད་འཕར་སྣོན། མཉམ་འབྲེལ་མཉམ་མཐུད། མཉམ་ལས་གཉིས་རྒྱལ་བཅས་ཀྱི་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུའི་སྐོར་བཏོན་ཡོད། ང་ཚོས་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་ཟབ་ཏུ་གཏོང་དགོས་པ་དང་། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་འགྱུར་རྒྱུར་རྒྱུན་མཐུད་སྐུལ་འདེད་བཏང་སྟེ། ཕུགས་འདུན་རེ་རེ་བཞིན་མངོན་འགྱུར་ཐུབ་པ་བྱས་ནས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་མི་དམངས་ལ་ཕན་བདེ་སྐྲུན་དགོས་ཞེས་གསུངས་ཡོད།
མཇུག་ཏུ་ཞི་ཅིན་ཕིང་གིས། རིམས་ནད་ནམ་ཞིག་འཇགས་སྲིད་ལ། རྒྱལ་ཁ་ཡང་ཐོབ་ངེས་ཡིན། ང་ཚོས་ལག་གདང་སྦྲེལ་ནས་ཕྱར་བ་གྲུ་འདེགས་དང་། སོ་སྲུང་རོགས་རེས། སྒོ་དབྱེ་མཉམ་ལས་རྒྱུན་འཁྱོངས། ཕྱི་ནང་འཁོར་རྒྱུག་གཉིས་ཤར་བགྲོད་ཐུབ་པ་བཅས་བྱས་ནས་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་དང་འཛམ་གླིང་གི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་སྐྲུན་མཉམ་སྤྱོད་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་ནས་འགོ་ཁྲིད་པའི་དབུ་ཚོཊ་ཀྱི་གྲོས་ཚོཊ་འདིར་ཞུཊ་གནང་འདུག ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ལས་དོན་ཚོགས་འདུའི་ཐོག་གལ་ཆེའི་གསུང་བཤད་གནང་བ། ཞི་ཅིན་ཕིང་གིས་སྒོ་ཀུན་ནས་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ། ཞི་ཅིན་ཕིང་གིས་ཅང་སུའུ་རུ་རྟོག་ཞིབ་གནང་བ།