སྤྱི་ཟླ ༡༢ པའི་ཚེས ༡༦ ཉིན་དཔེ་སྐྲུན་བྱས་པའི༼བདེན་འཚོལ་དུས་དེབ༽འདོན་ཐེངས ༢༤ པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན༼དུས་རབས་ཀྱི་འགན་འཁྲི་མཉམ་དུ་འཁུར་ནས། གོ་ལའི་གོང་འཕེལ་ལ་མཉམ་དུ་སྐུལ་འདེད་གཏོང་དགོས༽ཞེས་པ་སྤེལ་ཡོད།
རྩོམ་ཡིག་ནང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ནི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་གཏོང་བའི་དངོས་ཡོད་ཀྱི་བླང་བྱ་དང་ཚན་རྩལ་ཡར་ཐོན་གྱི་ལྡོག་མེད་ཀྱི་མཇུག་འབྲས་ཡིན་པས། དེས་འཛམ་གླིང་དཔལ་འབྱོར་སྟོབས་ཆེར་འགྲོ་རྒྱུར་ནུས་ཤུགས་མཁོ་འདོན་དང་། ཚོང་ཟོག་དང་མ་རྩ་འཁོར་རྒྱུག་དང་། ཚན་རྩལ་དང་ཤེས་དཔལ་ཡར་ཐོན། རྒྱལ་ཁབ་ཁག་གི་མི་དམངས་བར་གྱི་སྤེལ་རེས་ལ་སྐུལ་འདེད་བཅས་བཏང་ཡོད།
འཛམ་གླིང་ལ་དཀའ་ཚེགས་བཟོ་བའི་གནད་དོན་དེ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བ་ཁོ་ནར་ཁག་དཀྲི་ཚེ། གཅིག་ནས་དོན་དངོས་དང་མི་མཐུན་ལ། གཉིས་ནས་གནད་དོན་ཐག་གཅོད་བྱ་རྒྱུར་ཡང་ཕན་ཐོགས་མེད། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱིས་སྤྲད་པའི་གོ་སྐབས་དང་འགྲན་རྩོད་ཀྱི་མདུན་དུ། གོ་སྐབས་ཐམས་ཅད་བེད་སྤྱོད་གང་ལེགས་བྱེད་པ་དང་། འགྲན་རྩོད་སྣ་ཚོགས་ལ་མཉམ་དུ་ཁ་གཏད་བཅག་ནས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་འཕེལ་ཕྱོགས་ལ་ཁྲིད་སྟོན་ཡག་པོ་བྱ་རྒྱུ་དེ་ནི་ཡང་དག་པའི་གདམ་ག་བྱེད་སྟངས་ཤིག་རེད་ཅེས་ནན་སྟོན་བྱས་ཡོད།
རྩོམ་ཡིག་ནང་། མིག་སྔའི་ཁ་ཚ་དགོས་གཏུག་གི་ལས་འགན་ནི་འཛམ་གླིང་དཔལ་འབྱོར་དཀའ་ཚེགས་ཀྱི་གནས་ལས་བསྒྲལ་རྒྱུར་ཁྲིད་སྟོན་བྱ་རྒྱུ་དེ་རེད། འཛམ་གླིང་དཔལ་འབྱོར་ཡུན་རིང་ཉམས་ཞན་གྱི་གནས་སུ་ལུས་པ་དང་། དབུལ་ཕྱུག་གི་ཧེ་བག་དང་ལྷོ་བྱང་གི་ཧེ་བག་གནད་དོན་སོགས་སྔར་ལས་མངོན་གསལ་དོད་དུ་ཕྱིན་ཡོད། དེའི་འབྱུང་རྐྱེན་ནི་དཔལ་འབྱོར་ཁྱབ་ཁོངས་ནང་གོ་ལ་ཧྲིལ་པོའི་འཕེལ་ཤུགས་མི་འདང་བ་དང་། འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་བཅོས་སྒྲིག་རྗེས་སུ་ལུས་པ། འཛམ་གླིང་ཧྲིལ་པོའི་གོང་འཕེལ་དོ་སྙོམས་མིན་པ་བཅས་མངོན་གསལ་དོད་པའི་འགལ་ཟླ་ཆེ་ཁག་གསུམ་ནུས་ལྡན་ངང་ཐག་གཅོད་ཐུབ་མེད་པས་རྐྱེན་གྱི་རེད། ང་ཚོར་གཅིག་ནས་གནད་དོན་ཐག་གཅོད་བྱེད་པའི་ཤེས་རབ་ཡོད་དགོས་ལ། དེ་བས་ཀྱང་བྱ་སྤྱོད་སྤེལ་ནུས་པའི་བློ་སྤོབས་ཀྱང་ཡོད་དགོས། དེ་ཡང་གཅིག་ནི། གསར་གཏོད་ཀྱི་སྒུལ་ནུས་རྒྱུན་འཁྱོངས་བྱས་ནས། གསོན་ཤུགས་ཀྱིས་ཕྱུག་པའི་འཕར་སྣོན་རྣམ་པ་གཏོད་དགོས། གཉིས་ནས། མཐུན་སྦྱོར་ཐོག་མཉམ་འགུལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། སྒོ་དབྱེ་མཉམ་རྒྱལ་གྱི་མཉམ་ལས་རྣམ་པ་གཏོད་དགོས། གསུམ་ནས། དུས་བསྟུན་མཉམ་སྐྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། དྲང་བདེན་ལུགས་མཐུན་གྱི་བཅོས་སྐྱོང་རྣམ་པ་གཏོད་དགོས། བཞི་ནས། གཞུང་དྲང་ཁོང་ཡངས་རྒྱུན་འཁྱོངས་བྱས་ནས། དོ་སྙོམས་ཀུན་ཕན་གྱི་གོང་འཕེལ་རྣམ་པ་གཏོད་དགོས་པ་བཅས་ཡིན་ཞེས་བསྟན་ཡོད།
རྩོམ་ཡིག་ནང་། ཀྲུང་གོའི་གོང་འཕེལ་ཕྱིན་པའི་འགག་རྩ་ནི་ཀྲུང་གོའི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་དབུ་ཁྲིད་གནང་བའི་འོག ཀྲུང་གོའི་རྒྱལ་ཚུལ་དང་འཚམ་པའི་གོང་འཕེལ་འགྲོ་ལམ་ཐོག་བསྐྱོད་པས་ཡིན། དེ་ནི་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་ལ་གཞིགས་ནས་གཏན་འཁེལ་བྱས་པའི་འགྲོ་ལམ་ཞིག་དང་། མི་དམངས་ཀྱི་ཁེ་ཕན་ཨང་དང་པོར་བཞག་པའི་འགྲོ་ལམ་ཞིག བསྒྱུར་བཅོས་གསར་གཏོད་ཀྱི་འགྲོ་ལམ་ཞིག སྒོ་དབྱེའི་ཁྲོད་ཐུན་མོང་གོང་འཕེལ་རེ་སྙེགས་བྱེད་པའི་འགྲོ་ལམ་ཞིག་བཅས་རེད། ཀྲུང་གོ་གོང་འཕེལ་འགྲོ་བ་ནི་འཛམ་གླིང་གི་གོ་སྐབས་ཡིན་ཞིང་། ཀྲུང་གོ་ནི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཁྲོད་ཕན་པ་ཐོབ་མཁན་རེད་ལ། དེ་བས་ཀྱང་དེར་ལེགས་སྐྱེས་འབུལ་མཁན་ཡང་རེད། ཀྲུང་གོའི་མི་དམངས་ཀྱིས་བློ་གཤོགས་ཆེན་པོས་རྒྱལ་ཁབ་ཁག་གི་མི་དམངས་ཀྲུང་གོའི་གོང་འཕེལ་གྱི་མགྱོགས་འཁོར་འདིའི་ནང་མཉམ་དུ་བཞུགས་རྒྱུར་དགའ་བསུ་ཞུ་བཞིན་ཡོད་ཅེས་བསྟན་ཡོད།
རྩོམ་ཡིག་ནང་། མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་འཕེལ་རིམ་ཁྲོད་ཁོད་སྙོམས་པའི་ལམ་བུ་ཞིག་རྩ་བ་ནས་མེད། མིའི་རིགས་ནི་དཀའ་ཚེགས་དང་འཐབ་རྩོད་བྱེད་པའི་ཁྲོད་མདུན་སྐྱོད་བྱེད་པ་ཞིག་ཡིན། དཀའ་ཚེགས་འཕྲད་སྐབས། རང་ཉིད་ལ་འཁང་ར་མི་བྱེད་པ་དང་། གཞན་ལ་སྐྱོན་འཛུགས་མི་བྱེད་པ། སེམས་ཤུགས་མི་ཆག་པ། འགན་འཁྲི་ལས་མི་གཡོལ་བ་བཅས་བྱས་ནས། ཐུན་མོང་ཐོག་དཀའ་ཚེགས་ལས་སྒྲོལ་ཐུབ་པ་བྱེད་དགོས། ང་ཚོས་སེམས་ཤུགས་འདོན་སྤེལ་དང་བྱ་སྤྱོད་ཧུར་ཐག་སྤེལ་ནས། འབྱུང་འགྱུར་གྱི་ཕྱོགས་སུ་མཉམ་དུ་མདུན་སྐྱོད་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད། །