རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས ༢༥ ཉིན་གྱི་དགོང་མོ་པེ་ཅིང་དུ་བརྙན་མཐོང་བརྒྱུད་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་ཏ་ཝོ་སིའི་གྲོས་རིམ་གྱི་གླེང་མོལ་གྲོས་ཚོགས་ལ་ཞུགས་གནང་བ་མ་ཟད། འགོ་བརྗོད་དུ། ༼ཕྱོགས་མང་རིང་ལུགས་ཀྱི་དཔལ་འབར་གྱིས་མིའི་རིགས་ཀྱི་མདུན་སྐྱོད་ལམ་བུར་འོད་སྣང་སྦྱིན་དགོས༽ཞེས་འཁོད་པའི་དམིགས་བསལ་ཤིས་ཚིག་ཕུལ་ཡོད། ཞི་ཅིན་ཕིང་གིས། དུས་རབས་འདིར་འཕྲད་པའི་འགངས་ཆེའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པའི་ཐབས་ལམ་ནི་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་དང་དེ་ལག་ལེན་བསྟར་བ་བརྒྱུད་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་སྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད། དུས་རབས ༢༡ པའི་ཕྱོགས་མང་རིང་ལུགས་ཀྱིས་དྲང་སྲུང་གསར་གཏོད་དང་འབྱུང་འགྱུར་ལ་ཕྱོགས་དགོས་ཤིང་། གཅིག་ནས་ཕྱོགས་མང་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་དང་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་དང་། གཉིས་ནས་འཛམ་གླིང་གི་གནས་སྟངས་ལ་འགྱུར་ལྡོག་འགྲོ་བར་གཞི་རྐང་ཚུགས་པ་དང་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་དང་དགོས་མཁོར་ཁ་གཏད་ཏན་ཏིག་གཅོག་དགོས། སྒོ་དབྱེ་ཁོང་ཡངས་རྒྱུན་འཁྱོངས་དང་། རྒྱལ་སྤྱིའི་ཁྲིམས་སྲོལ་རྨང་གཞིར་འཛིན་རྒྱུ་རྒྱུན་འཁྱོངས། གྲོས་མོལ་མཉམ་ལས་རྒྱུན་འཁྱོངས། དུས་བསྟུན་མཉམ་སྐྱོད་རྒྱུན་འཁྱོངས་བཅས་བྱ་དགོས། ཀྲུང་གོས་མུ་མཐུད་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཁྲོད་ཧུར་ཐག་ཞུགས་པ་དང་། གཉིས་ཕན་མཉམ་རྒྱལ་གྱི་སྒོ་དབྱེའི་འཐབ་ཇུས་ལག་ལེན་བསྟར་བ། རྒྱུན་མཐུད་ཐུབ་པའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་སྐྱོང་བྱེད་ཆེད་ཟམ་མི་ཆད་པར་མདུན་སྐྱོད་བྱ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། འདས་ཟིན་པའི་ལོ་གཅིག་གི་ནང་། གློ་བུར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་ཧྲིལ་པོར་བརྡབ་གསིག་ཆེན་པོ་བཟོས་པ་དང་། འཛམ་གླིང་གི་སྤྱི་པའི་འཕྲོད་བསྟེན་ལ་འཇིགས་སྐུལ་ཚབས་ཆེན་བཟོས་པ། འཛམ་གླིང་དཔལ་འབྱོར་ཉམས་ཞན་ཚབས་ཆེན་ཕྱིན་པ་སོགས་མིའི་རིགས་ཀྱིས་ལོ་རྒྱུས་ཐོག་མཐོང་དཀོན་པའི་ཉམས་ཉེན་སྣ་ཚོགས་བརྒྱུད་ཡོད། མིག་སྔར། རིམས་ནད་ད་དུང་རྦད་དེ་མཇུག་སྒྲིལ་མེད་པས། རིམས་འགོག་ད་དུང་མུ་མཐུད་བྱེད་བཞིན་ཡོད། འོན་ཀྱང་གྲང་ངར་ཆེ་བའི་དགུན་དུས་ཀྱིས་དཔྱིད་ཀྱི་གོམ་སྟབས་འགོག་མི་ཐུབ་པ་དང་། སྨག་རུམ་མུན་པས་སྐྱ་རེངས་ཀྱི་འོད་སྣང་འགེབ་མི་ཐུབ་པ་ཇི་བཞིན། མིའི་རིགས་ཀྱིས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་ལ། གནོད་འཚེ་དང་འཐབ་རྩོད་བྱེད་པའི་ཁྲོད་འཚར་ལོངས་ཡར་རྒྱས་དང་གསོན་ཤུགས་བསྐྱར་འཕེལ་ཐུབ་ངེས་ཡིན་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ང་ཚོས་དུས་རབས་འདིར་འཕྲད་པའི་གལ་ཆེའི་གནད་དོན་ཆེན་པོ་བཞི་ཐག་གཅོད་ཡག་པོ་བྱ་དགོས་ཏེ།
གཅིག་ནི། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་བརྒྱབ་ནས་འཛམ་གླིང་གི་དཔལ་འབྱོར་གསོན་ཤུགས་འཕེལ་བ་དང་། རྒྱུན་མཐུད་ཐུབ་པ། དོ་སྙོམས། ཁོང་ཡངས་བཅས་ཀྱི་སྒོ་ནས་འཕར་སྣོན་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས། དེ་ཡང་གཅིག་ནས་མིག་སྔར་དམ་འཛིན་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་གཅིག་གྱུར་འཆར་འགོད་བྱེད་པ་དང་། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། འཛམ་གླིང་དཔལ་འབྱོར་སྔ་ཙམ་ཉམས་ཉེན་གྱི་མུན་ནག་ཁྲོད་ལས་སྒྲོལ་ཐུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་དགོས་ལ། ཕྱོགས་གཞན་ཞིག་ནས་འབྱུང་འགྱུར་ལ་ཕྱོགས་ནས། སེམས་ཐག་གཙང་བཅད་ཀྱིས་འཛམ་གླིང་དཔལ་འབྱོར་གྱི་སྒུལ་ཤུགས་བརྗེ་བསྒྱུར་དང་། ཐབས་ལམ་བརྗེ་བསྒྱུར། གྲུབ་གཞི་ལེགས་སྒྲིག་བཅས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་དཔལ་འབྱོར་ཡུན་རིང་སྐྱོན་བྲལ་དང་བརྟན་པོའི་ངང་གོང་འཕེལ་འགྲོ་བའི་འཁོར་ལམ་ཐོག་བསྐྱོད་ཐུབ་པ་བྱེད་དགོས།
གཉིས་ནི། ཕྱོགས་ཞེན་གྱི་འདུ་ཤེས་འཛིན་སྟངས་དོར་ནས་ཞི་བདེ་མཉམ་གནས་དང་གཉིས་ཕན་མཉམ་རྒྱལ་གྱི་ལམ་བུའི་སྟེང་མཉམ་དུ་སྐྱོད་དགོས། རྒྱལ་ཁབ་ཁག་གི་ལོ་རྒྱུས་རིག་གནས་དང་སྤྱི་ཚོགས་ལམ་ལུགས་ལ་རང་སོའི་ཁྱད་ཆོས་ལྡན་ཡོད་པས། དེ་དག་ལ་མཐོ་དམའ་ལེགས་ཉེས་ཀྱི་དབྱེ་བ་མེད་ཅིང་། དེའི་འགག་རྩ་དེ་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམ་མིན་དང་། མི་དམངས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་ཐོབ་མིན། ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་ཡར་ཐོན། དམངས་འཚོ་ལེགས་བཅོས་བཅས་ཐུབ་མིན། མིའི་རིགས་ཡར་ཐོན་བྱ་གཞག་ལ་ལེགས་སྐྱེས་འབུལ་ཐུབ་མིན་བཅས་ལ་རག་ལུས་ཡོད། སྣ་མང་རང་བཞིན་མེད་ན་མིའི་རིགས་ཀྱི་ཤེས་དཔལ་གླེང་ཐབས་བྲལ་ཡོད། ཧེ་བག་གནས་པར་སྐྲག་དགོས་དོན་མེད། སྐྲག་དགོས་པ་ནི་སྤོབས་སེམས་དང་། ཕྱོགས་ཞེན། དགྲ་འཛིན་བཅས་དང་། མིའི་རིགས་ཀྱི་ཤེས་དཔལ་རབ་འབྲིང་མཐའ་གསུམ་ལ་དབྱེ་བ་འབྱེད་པ། རང་ངོས་ཀྱི་ལོ་རྒྱུས་རིག་གནས་དང་སྤྱི་ཚོགས་ལམ་ལུགས་གཞན་ཕྱོགས་ལ་བཙན་བཀོལ་བྱེད་པ་བཅས་ཡིན། རྒྱལ་ཁབ་ཁག་གིས་ཕན་ཚུན་བརྩི་འཇོག་དང་མཐུན་པ་ཡོང་ཐབས་དང་མི་མཐུན་སོར་འཇོག་བྱེད་པའི་རྨང་གཞིའི་ཐོག་ཞི་བདེ་མཉམ་གནས་མངོན་འགྱུར་ཐུབ་པ་བྱེད་པ་དང་། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་བ་བརྒྱུད་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཆེད་འགུལ་ཤུགས་སྣོན་དགོས།
གསུམ་ནི། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་འགལ་རྐྱེན་ཆེན་པོ་ཁྱད་དུ་བསད་ནས་རྒྱལ་ཁབ་ཁག་དར་རྒྱས་གོང་འཕེལ་ཡོང་རྒྱུར་མཉམ་དུ་སྐུལ་འདེད་གཏོང་དགོས། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་གོང་འཕེལ་བྱུང་ན་འཛམ་གླིང་ཧྲིལ་པོའི་དར་རྒྱས་བརྟན་ལྷིང་ཆེད་དེ་བས་སྲ་ཞིང་བརྟན་པའི་རྨང་གཞི་འདིང་ཐུབ། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁས་ལེན་དམ་བཅའ་དོན་འཁྱོལ་བྱས་ཏེ། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གོང་འཕེལ་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་བྱེད་པ་དང་། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ལུགས་མཐུན་གྱི་གོང་འཕེལ་ཁེ་ཕན་ལ་འགན་སྲུང་བྱེད་པ། ཁེ་དབང་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་ཁག་གི་མི་དམངས་ནས་གོང་འཕེལ་གྱི་གོ་སྐབས་དང་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས།
བཞི་ནི། ལག་གདང་སྦྲེལ་ནས་འཛམ་གླིང་ཧྲིལ་པོ་ཅན་གྱི་འགྲན་རྩོད་ལ་ཁ་གཏད་བཅག་སྟེ་མིའི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་དགོས། ཏོག་གསར་གློ་ཚད་རིམས་ནད་འདྲ་བའི་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ནི་ཐོན་ཐེངས་མཇུག་ཤོས་དེ་གཏན་ནས་ཡིན་མི་སྲིད་པས། འཛམ་གླིང་ཡོངས་ཀྱི་སྤྱི་པའི་འཕྲོད་བསྟེན་བཅོས་སྒྲིག་ཐད་ཤུགས་སྣོན་རྒྱག་དགོས། གནམ་གཤིས་འགྱུར་བར་ཁ་གཏད་གཅོག་ཤུགས་ཆེ་རུ་གཏོང་བ་དང་། རྒྱུན་མཐུད་ཐུབ་པའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དེ་ནི། མིའི་རིགས་ཀྱི་མདུན་ལམ་དང་མ་འོངས་པ་དང་འབྲེལ་བ་ཡོད་པ་ཞིག་རེད། མིའི་རིགས་ལ་འཕྲད་པའི་འཛམ་གླིང་ཧྲིལ་པོ་ཅན་གྱི་གནད་དོན་མདུན་དུ། ངེས་པར་དུ་འཛམ་གླིང་ཧྲིལ་པོ་ཅན་གྱི་བྱ་སྤྱོད་སྤེལ་བ་དང་། འཛམ་གླིང་ཧྲིལ་པོ་ཅན་གྱི་ཁ་གཏད་གཅོག་པ། འཛམ་གླིང་ཧྲིལ་པོ་ཅན་གྱི་མཉམ་ལས་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། འཛམ་གླིང་ཐོག་གི་གནད་དོན་ནི་ཧ་ཅང་རྙོག་འཛིང་ཆེ་བས། གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་ནི་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་དང་དེ་ལག་བསྟར་བྱས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་སྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན།
དེ་ཡང་། སྒོ་དབྱེ་ཁོང་ཡངས་རྒྱུན་འཁྱོངས་བྱེད་པ་ལས། སྒོ་བཀག་གཞན་དོར་བྱེད་མི་རུང་། ཕྱོགས་མང་རིང་ལུགས་ཀྱི་དོན་སྙིང་ནི་རྒྱལ་སྤྱིའི་ཐོག་གི་དོན་དག་ཚང་མ་མཉམ་དུ་གྲོས་བསྡུར་བྱས་ནས་བསྒྲུབ་རྒྱུ་དང་། འཛམ་གླིང་གི་མདུན་ལམ་དང་ལས་དབང་རྒྱལ་ཁབ་ཁག་གིས་མཉམ་དུ་དམ་འཛིན་བྱ་རྒྱུ་དེ་རེད། རྒྱལ་སྤྱིའི་ཐོག་ཚོགས་པ་ཆུང་ཆུང་སྒྲིག་པ་དང་། འཇམ་འཐབ་གསར་པ་སྤྱོད་པ། གཞན་ཟུར་དུ་འབུད་པ་དང་། དེར་འཇིག་སྣང་སྐུལ་བ། འགུལ་མ་འགུལ་ལ་ཕྱིར་འབུད་པ་དང་། མཁོ་འདོན་མཚམས་འཇོག་བྱེད་པ། བཀག་སྡོམ་བྱེད་པ། མིས་བཟོས་པའི་ཕན་ཚུན་ལོགས་དབྱེ་དང་ཐ་ན་བར་གཅོད་པའི་བྱ་ཐབས་དེ་རིགས་ཀྱིས་འཛམ་གླིང་ཉིད་ཁ་བྲལ་དང་ཐ་ན་མདུང་རྩེ་ཁ་གཏད་གནས་སུ་གྱར་སྲིད། ཁ་བྲལ་དུ་སོང་བའི་འཛམ་གླིང་ཞིག་གིས་མིའི་རིགས་ལ་འཕྲད་པའི་ཐུན་མོང་འགྲན་རྩོད་ལ་ཁ་གཏད་གཅོག་ཐབས་མེད་ལ། མདུང་རྩེ་ཁ་གཏད་དུ་ལངས་པ་དེས་མིའི་རིགས་གཡང་དུ་ལྷུང་སྲིད། ཞི་བདེ་དང་། གོང་འཕེལ། གཞུང་དྲང་། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཀྱི་ཐུན་མོང་རིན་ཐང་བརྟན་སྲུང་བྱས་ནས། འཛམ་གླིང་ཞི་བདེ་བརྟན་ལྷིང་ཡོང་རྒྱུར་མཉམ་དུ་སྲུང་སྐྱོང་དང་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས།
རྒྱལ་སྤྱིའི་ཁྲིམས་སྲོལ་གྱིས་རྨང་གཞི་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་ལས། ང་ཆེ་ང་བཙན་བྱེད་མི་རུང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱལ་ཁབ་ཁག་བར་གྲོས་མཐུན་བྱུང་བའི་ཐུན་མོང་གི་སྒྲིག་སྲོལ་དང་ངོས་འཛིན་ལ་བརྟེན་ནས་བཅོས་སྒྲིག་བྱེད་དགོས་པ་ལས། རྒྱལ་ཁབ་རེ་ཟུང་གི་བཀའ་བཀོད་ཁོ་ནར་ཉན་མི་རུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ནི་ཀུན་གྱིས་ཁས་ལེན་པའི་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བའི་གཞི་རྩའི་ཚད་གཞི་ཡིན་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བ་བྱེད་པའི་རྒྱལ་སྤྱིའི་མ་ལག་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་དགོས་པ་དང་། ཕྱོགས་མང་ལས་ཁུངས་ཀྱི་དབང་གྲགས་རང་བཞིན་དང་ནུས་ལྡན་རང་བཞིན་ལ་སྲུང་སྐྱོང་བྱེད་དགོས། ལམ་ལུགས་དང་སྒྲིག་སྲོལ་བརྒྱུད་རྒྱལ་ཁབ་ཁག་གི་འབྲེལ་བ་མཐུན་སྦྱོར་དང་ཚད་ལྡན་བཟོ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་དང་། བཙན་པོས་ཆུང་བར་བརྙས་བཅོས་བྱ་རྒྱུར་ངོ་རྒོལ་དང་། ཕྱོགས་མང་རིང་ལུགས་ཀྱི་མིང་ཐོག་ནས་ཕྱོགས་རྐྱང་པའི་རིང་ལུགས་ལག་ལེན་བསྟར་མི་རུང་། སྒྲིལ་སྲོལ་གཏན་ལ་ཕབ་ཕྱིན་ཚང་མས་དེར་བརྩི་སྲུང་ཞུ་དགོས། གདམ་ག་བྱ་ཡུལ་ཡོད་པའི་ཕྱོགས་མང་རིང་ལུགས་ང་ཚོའི་གདམ་གར་མི་འགྱུར་བ་བྱེད་དགོས།
གྲོས་མོལ་མཉམ་ལས་རྒྱུན་འཁྱོངས་ཀྱིས་གདོང་གཏུག་མི་ཤོར་བ་དང་ཁ་གཏད་དུ་མི་ལངས་པ་བྱེད་དགོས། འཇམ་འཐབ་དང་དྲག་འཐབ་བམ། ཡང་ན་ཉོ་ཚོང་དམག་འཐབ་དང་ཚན་རྩལ་དམག་འཐབ་གང་ཞིག་ཡིན་རུང་མཐའ་མར་རྒྱལ་ཁབ་ཁག་གི་ཁེ་ཕན་དང་མི་དམངས་ཀྱི་བདེ་རྩར་གནོད་འཚེ་བཟོ་སྲིད། ཁྱད་པར་ཅན་ལ་བརྩི་འཇོག་དང་ཁོག་ཡངས་བྱེད་པ་དང་། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པར་གྲོས་མོལ་ཐོག་ནས་འགལ་ཟླ་ཐག་གཅོད་བྱེད་དགོས། འཇམ་འཐབ་ཀྱི་བསམ་བློ་དང་ཕན་མེད་འགྲན་རྩོད་ཀྱི་འདུ་ཤེས་རྙིང་པ་དོར་ཏེ། ཕན་ཚུན་བརྩི་འཇོག་དང་བསམ་ཤེས་བྱེད་པ་དང་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་ལྟ་བ་རྒྱུན་འཁྱོངས་བྱེད་དགོས། རང་ཁེ་རང་ཕན་གྱི་གུ་དོག་སྲིད་ཇུས་དོར་ཏེ་གཞུང་དྲང་ལུགས་མཐུན་ངང་འགྲན་རྩོད་བྱེད་པ་དང་། ཕན་ཚུན་འདེད་རེས་དང་ཕན་ཚུན་གོང་མཐོར་གཏོང་བའི་རྒྱུགས་ཤར་འགྲན་བསྡུར་འདྲ་བ་གཉེར་དགོས་པ་ལས་ཕན་ཚུན་ཕར་རྒོལ་དང་ཁྱོད་ཤི་ང་གསོན་བྱེད་པའི་འགྲན་རྩོད་བྱེད་མི་རུང་།
དུས་བསྟུན་མཉམ་སྐྱོད་བྱེད་པ་ལས། སྔ་གོམ་སོར་གནས་སུ་སྡོད་རྒྱུ་མེད། དུས་རབས་ཉེར་གཅིག་པའི་ཕྱོགས་མང་རིང་ལུགས་ཀྱིས་དྲང་སྲུང་གསར་གཏོད་དང་། མ་འོངས་པར་ཁ་ཕྱོགས་དགོས། ཕྱོགས་མང་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་དང་གཞི་རྩའི་རྩ་དོན་སྲུང་དགོས་ལ། འཛམ་གླིང་གི་གནས་སྟངས་འགྱུར་བའི་ཁྲོད་དུ་གཞི་རྐང་བརྟན་པོ་འཛུགས་དགོས། འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་གཅོག་པའི་དགོས་མཁོར་བསམ་བློ་གཏོང་བ་དང་། གྲོས་མོལ་རྒྱ་ཁྱབ་བྱེད་པ་དང་། ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་པའི་རྨང་གཞིའི་ཐོག་འཛམ་གླིང་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཐུས་ཚང་དུ་གཏོང་བ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་མ་ལག་འཛུགས་དགོས། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་དང་རྒྱལ་སྤྱིའི་དངུལ་རྩའི་དངུལ་ལོར་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཧྲིལ་པོའི་གྲངས་ཀའི་དཔལ་འབྱོར་བཅོས་སྐྱོང་སྒྲིག་སྲོལ་བཟོ་རྒྱུ་འཚོལ་ཞིབ་བྱེད་པ། གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་༼ཕ་རི་སིའི་ཆོད་ཡིག༽དོན་འཁྱོལ་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ ༢༠༣༠ ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་དོན་འཁྱོལ་བྱ་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པ་འགོ་བཙུགས་ཡོད། ང་ཚོས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་རྐང་བརྟན་པོ་འཛུགས་པ་དང་། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། གོང་འཕེལ་གྱི་གནས་སྟངས་གསར་པ་ཧུར་ཐག་བཏོད་པ་བརྒྱུད། རྒྱལ་ཁབ་ཁག་དང་ལྷན་དུ། ཡུན་རིང་བདེ་འཁོད་དང་། ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་འབྱེད་ཁོང་ཡངས། དྭངས་གཙང་མཛེས་སྡུག་ལྡན་པ་བཅས་ཀྱི་འཛམ་གླིང་མཉམ་དུ་བསྐྲུན་དགོས་ཞེས་བསྟན་གནང་ཡོད་པ་སྟེ།
ཀྲུང་གོས་རྒྱལ་སྤྱིའི་དབར་རིམས་འགོག་མཉམ་ལས་མུ་མཐུད་ནས་ཧུར་ཐག་སྤེལ་རྒྱུ་ཡིན། རྒྱལ་ཁབ་ཁག་དབར་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཕན་ཡོད་ཉམས་མྱོང་མཉམ་སྤྱོད་བྱེད་པ་དང་། རིམས་ནད་ལ་ཁ་གཏད་གཅོག་པའི་ནུས་པ་ཞན་པའི་རྒྱལ་ཁབ་དང་ས་ཁུལ་ལ་རང་ནུས་ལ་དཔག་པའི་རོགས་རམ་བྱ་རྒྱུ་ཡིན། རིམས་འགོག་སྨན་ཁབ་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བརྒྱུད། རིམས་འགོག་སྨན་ཁབ་དེ་རྒྱལ་ཁབ་ཁག་གི་མི་དམངས་ནས་སྤྱོད་རྒྱུ་ཡོད་པ་དང་སྤྱོད་ཐུབ་པའི་སྤྱི་པའི་ཐོན་རྫས་ཤིག་ལ་འགྱུར་བ་བྱ་རྒྱུ་ཡིན།
ཀྲུང་གོས་གཉིས་ཕན་མཉམ་རྒྱལ་གྱི་སྒོ་འབྱེད་འཐབ་ཇུས་མུ་མཐུད་ནས་ལག་བསྟར་བྱ་རྒྱུ་ཡིན། རིམས་ནད་བེད་སྤྱད་ནས་གོ་ལ་ཧྲིལ་པོ་ཅན་མེད་པ་བཟོ་བ་དང་། སྒོ་བཀག་ཁ་བྲལ་གཏོང་བ་ནི་སུ་ཞིག་གི་ཁེ་ཕན་དང་ཡང་མཐུན་གྱི་མེད། ཀྲུང་གོས་སྔ་ཕྱི་བར་གསུམ་དུ་དཔལ་འབྱོར་གོ་ལ་ཅན་ལ་འགྱུར་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། ཕྱི་ཕྱོགས་སྒོ་འབྱེད་ཀྱི་གཞི་རྩའི་རྒྱལ་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱས་དང་བྱེད་མུས་རེད། ཉོ་ཚོང་དང་མ་འཇོག་རང་དབང་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བདེ་རྒྱུག་ཐུབ་པར་སྲུང་སྐྱོང་བྱེད་པ། རྒྱུད་གཅིག་ལམ་གཅིག་སྤུས་ཚད་མཐོ་པོའི་སྒོ་ནས་མཉམ་འཛུགས་བྱ་རྒྱུར་སྐུལ་འདེད་གཏོང་བ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་ནས་གཏོད་པ། ཁྲོམ་ར་ཆེན་པོའི་བཟང་ཆ་དང་ནང་མཁོའི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་བཅས་བྱས་ནས། འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕར་སྣོན་ཡོང་བར་འགུལ་ཤུགས་དེ་བས་ཆེ་བ་སྣོན་རྒྱུ་ཡིན།
ཀྲུང་གོས་མུ་མཐུད་ནས་རྒྱུན་མཐུད་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། སྤྱི་ལོ ༢༠༣༠ ལོའི་གོང་དབྱང་གཉིས་ཐཱན་རྫས་འབུད་བཤངས་བྱ་རྒྱུ་མང་ཤོས་ཚད་ལ་སླེབས་པ་དང་། སྤྱི་ལོ ༢༠༦༠ ལོའི་གོང་དུ་ཐཱན་དོ་སྙོམས་ཆགས་པའི་དམིགས་འབེན་མངོན་འགྱུར་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན། མིའི་རིགས་ཧྲིལ་པོར་ཕན་ཐོགས་ཡོད་པའི་དོན་དག་ཡིན་ཕྱིན། ཀྲུང་གོས་གཡོལ་ཐབས་མི་བྱེད་པར་བསྒྲུབ་ངེས་ཡིན་པ་མ་ཟད། དོན་དེ་ཡག་པོ་བསྒྲུབས་པ་བརྒྱུད། ལག་ལེན་ངོ་མའི་ཐོག་ནས་ཕྱོགས་མང་རིང་ལུགས་ལག་བསྟར་བྱ་རྒྱུ་ཡིན།
ཀྲུང་གོས་ཚན་རྩལ་གསར་སྐྲུན་ལ་མུ་མཐུད་ནས་སྐུལ་འདེད་གཏོང་རྒྱུ་ཡིན། ཚན་རྩལ་ཐད་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཤེས་བྱའི་ཐོན་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་གྲུབ་འབྲས་ཀྱིས་མིའི་རིགས་ཧྲིལ་པོར་ཕན་པ་བསྐྲུན་དགོས་པ་ལས། རྒྱལ་ཁབ་གཞན་དག་གོང་འཕེལ་འགྲོ་རྒྱུར་ཚད་བཀག་བཟོ་བ་དང་རྒྱལ་ཁབ་གཞན་དག་གོང་འཕེལ་འགྲོ་རྒྱུར་བཀག་འགོག་བྱེད་པའི་ལག་ཆ་ལྟ་བུར་མི་འགྱུར་བ་བྱ་དགོས། ཀྲུང་གོས་མུ་མཐུད་ནས་སྒོ་འབྱེད་ཀྱི་རིག་ལམ་དང་བྱ་ཐབས་ལ་བརྟེན་ནས་རྒྱལ་སྤྱིའི་ཚན་རྩལ་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཁག་དང་ལྷན་དུ་སྒོ་འབྱེད་དང་། དྲང་བཞག དྲང་བདེན། མཐོང་ཆུང་མེད་པ་བཅས་ཀྱི་ཚན་རྩལ་གོང་འཕེལ་གཏོང་བའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་ཡིན།
ཀྲུང་གོས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་མུ་མཐུད་ནས་སྐུལ་འདེད་གཏོང་རྒྱུ་ཡིན། ཁྱོད་ཕམ་ང་རྒྱལ་གྱི་བསམ་བློ་དང་རང་ཕན་ཁོ་ན་སྒྲུབ་པ་ནི་ཀྲུང་གོ་བའི་དོན་དག་སྒྲུབ་སྟངས་མ་ཡིན། ཀྲུང་གོས་རང་ཚུགས་རང་བརྟེན་གྱི་ཞི་བའི་ཕྱི་འབྲེལ་སྲིད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། རྒྱལ་ཁབ་ཁག་དབར་མཛའ་མཐུན་མཉམ་ལས་བྱེད་པའི་འབྲེལ་བ་གོང་འཕེལ་ཧུར་ཐག་གཏོང་བ། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཉམ་ལས་མུ་མཐུད་ནས་གཏིང་ཟབ་ཏུ་གཏོང་བ། འཛམ་གླིང་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ཁྲོད་དེ་བས་ཧུར་ཐག་ངང་ཞུགས་པ་བཅས་བྱས་ནས། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་ལ་འགྱུར་བ་བྱེད་རྒྱུ་དེ་སྔར་བས་སྒོ་འབྱེད་དང་། ཁོང་ཡངས། ཀུན་ཕན། དོ་སྙོམས། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་བཅས་ཡིན།
མཇུག་ཏུ་ཞི་ཅིན་ཕིང་གིས། མིའི་རིགས་ལ་སའི་གོ་ལ་གཅིག་ལས་མེད་ལ། མིའི་རིགས་ལ་ཐུན་མོང་གི་འབྱུང་འགྱུར་ཡང་གཅིག་ལས་མེད། མིག་སྔའི་ཉམས་ཉེན་ལ་བལྟས་ནའང་འདྲ། ཡང་ན་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུའི་ཕྱོགས་གང་ལ་བལྟས་ནའང་། མིའི་རིགས་ཀྱིས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་མཉམ་ལས་བྱེད་དགོས། ཁྱིམ་མཚེས་དགྲ་རུ་འཛིན་པའི་བྱེད་སྟངས་དང་། ཁེར་རྐྱང་གོང་འཕེལ་གཏོང་ཐབས་བྱེད་པའི་བསམ་བློ། རང་བསྟོད་རང་རློམ་བྱེད་པའི་ཁེངས་དྲེགས་བཅས་ཚང་མ་མཐར་ཕམ་པའི་རྒྱུ་རུ་འགྲོ་བ་ལག་ལེན་ངོ་མའི་ཐོག་ནས་ར་སྤྲོད་ཡང་ནས་བསྐྱར་དུ་བྱས་ཡོད་པས། ང་ཚོས་ལག་གདང་སྦྲེལ་ནས། ཕྱོགས་མང་རིང་ལུགས་ཀྱི་དཔལ་འབར་དེ་མིའི་རིགས་མདུན་ཕྱོགས་སུ་སྐྱོད་པའི་ལམ་སྟོན་སྒྲོན་མེར་འགྱུར་བ་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་པའི་ཕྱོགས་སུ་བསྐྱོད་པའི་གོམ་པ་སྤོ་མཚམས་འཇོག་རྒྱུ་མེད་ཅེས་ནན་གསུངས་གནང་ཡོད། །