སྤྱི་ཟླ ༢ པའི་ཚེས ༡ ཉིན་དཔེ་སྐྲུན་བྱས་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་གསུམ་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་འགོ་བརྗོད་དུ། ༼ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ཀྱི་ལས་དོན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། གསར་སྐྲུན་གྱི་གསོན་ཤུགས་འཕེལ་བ་དང་གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས༽ཞེས་པ་སྤེལ་ཡོད།
རྩོམ་ཡིག་ནང་། གསར་སྐྲུན་ནི་གོང་འཕེལ་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་དང་པོ་ཡིན་པ་དང་། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་པ་ནི་གསར་སྐྲུན་ལ་སྲུང་སྐྱོབ་བྱེད་པ་ཞིག་ཡིན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལས་དོན་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་དགོས། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ཀྱི་ལས་དོན་དེ་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་རྒྱུ་དང་འབྲེལ་བ་ཡོད་ལ། སྤུས་ཚད་མཐོ་བའི་གོང་འཕེལ་དང་འབྲེལ་བ་ཡོད་པ། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་ཡོང་རྒྱུ་དང་འབྲེལ་བ་ཡོད་པ། རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་གནས་བབ་ཆེན་པོ་དང་འབྲེལ་བ་ཡོད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པ་བཅས་རེད་ཅེས་ནན་སྟོན་གནང་བ་དང་།
རྩོམ་ཡིག་ནང་། རང་རྒྱལ་གྱི་ཤེས་བྱའི་ཐོན་དབང་བྱ་གཞག་གོང་འཕེལ་ཟམ་མི་ཆད་པ་བྱུང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཤེས་བྱའི་ཐོན་དབང་གྱི་གོང་འཕེལ་ལམ་བུའི་ཐོག་བསྐྱོད་པ་དང་། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་། ཤེས་བྱའི་ཐོན་དབང་གི་ཁྲིམས་སྲོལ་ལམ་ལུགས་ཀྱི་མ་ལག་དང་སྲུང་སྐྱོབ་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་། སྲུང་སྐྱོབ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པས། སྤྱི་ཚོགས་ཡོངས་ནས་ཤེས་བྱའི་ཐོན་དབང་ལ་བརྩི་འཇོག་དང་སྲུང་སྐྱོབ་བྱེད་པའི་འདུ་ཤེས་མངོན་གསལ་དོད་པོས་མཐོ་རུ་སོང་བ་དང་། གསར་སྐྲུན་ལ་སྐུལ་ལྕག་དང་། ཚོང་རྟགས་ཡག་པོ་གཏོད་པ། ཁྲོམ་རའི་སྒྲིག་ལམ་ཚད་ལྡན་བཟོ་བ། ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཡོད། དེ་དང་ཆབས་ཅིག་ང་ཚོས་ཀྱང་རིག་པ་དྭངས་གསལ་སྒོ་ནས་མི་འདང་ས་མཐོང་ཐུབ་པ་བྱ་དགོས་ཞེས་བསྟན་ཡོད།
རྩོམ་ཡིག་ནང་། མིག་སྔར། རང་རྒྱལ་འདི་ཉིད་ཤེས་བྱའི་ཐོན་དབང་ནང་འདྲེན་བྱེད་མཁན་རྒྱལ་ཁབ་ཆེན་པོ་ནས་ཤེས་བྱའི་ཐོན་དབང་གསར་གཏོད་ཀྱི་རྒྱལ་ཁབ་ཆེན་པོར་བརྗེ་སྒྱུར་བྱེད་བཞིན་ཡོད་པ་དང་། ཤེས་བྱའི་ཐོན་དབང་ལས་དོན་དེ་གྲངས་འབོར་བརྩོན་ལེན་བྱེད་པ་ནས་སྤུས་ཚད་མཐོ་རུ་གཏོང་བའི་བར་བརྗེ་སྒྱུར་བྱེད་བཞིན་ཡོད། ང་ཚོས་ངེས་པར་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་མཐོ་ཚད་དང་གོང་འཕེལ་གྱི་དུས་མཚམས་གསར་པར་སླེབས་པའི་བླང་བྱ་གཞིར་བཟུང་། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཡོངས་སུ་གསར་སྐྲུན་གྱི་གསོན་ཤུགས་འཕེལ་བ། གོང་འཕེལ་གྱི་གནས་སྟངས་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། དེ་ཡང་གཅིག་ནི། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལས་དོན་གྱི་མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་དགོས། གཉིས་ནི། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་པའི་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། གསུམ་ནི། ཤེས་བྱའི་ཐོན་དབང་གི་འབྲེལ་ཐག་ཧྲིལ་པོར་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས། བཞི་ནི། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་པའི་ལས་དོན་གྱི་སྒྲིག་གཞི་དང་ལམ་སྲོལ་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་དགོས། ལྔ་ནི། ཤེས་བྱའི་ཐོན་དབང་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ལ་གཅིག་གྱུར་ཐོག་སྐུལ་འདེད་གཏོང་དགོས། དྲུག་ནི། ཤེས་བྱའི་ཐོན་དབང་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་དགོས་ཞེས་བསྟན་ཡོད།
རྩོམ་ཡིག་ནང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ཤེས་བྱའི་ཐོན་དབང་ལས་དོན་དང་འབྲེལ་བ་ཡོད་པའི་མཐུན་སྦྱོར་ལམ་སྲོལ་ཤུགས་ཆེར་གཏོང་བ། ཤེས་བྱའི་ཐོན་དབང་གི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་མཐོང་ཆེན་བཅས་བྱས་ཏེ་ལས་ཀའི་མཉམ་ཤུགས་བསྒྲིལ་བ་བྱ་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཤེས་བྱའི་ཐོན་དབང་གི་འདུ་ཤེས་ཆེ་རུ་གཏོང་བ་དང་། དུས་བབ་གསར་པའི་འོག་ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འཇོན་ཐང་ཆེ་རུ་གཏོང་བ། རང་རྒྱལ་གྱི་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལས་དོན་ཟམ་མི་ཆད་པར་སྐས་རིམ་གསར་པའི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད། །