ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ལུགས་རྙིང་ལོའི་གླང་ལོའི་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀུའེ་ཀྲོའུ་རུ་ཕེབས་ནས། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་སྤུན་ཟླ། ཕྱིར་སྡོད་སྤུན་ཟླ་བཅས་ལ་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་ཞུས་གནང་བ་སྟེ། ལྷན་རྒྱས་སྐུ་གཟུགས་གསལ་ཐང་དང་། ཁྱིམ་ཚང་བདེ་སྐྱིད། བྱ་གཞག་ལམ་ལྷོངས། གླང་ལོ་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས་གནང་བ་དང་། རླབས་ཆེན་མེས་རྒྱལ་གྱི་རི་ཀླུང་མཛེས་ཤིང་། བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་བ། སྟོབས་འབྱོར་མངའ་ཐང་རྒྱས་པ་ཡོང་བའི་སྨོན་འདུན་ཞུས་གནང་ཡོད།
སྤྱི་ཟླ ༢ པའི་ཚེས ༣ ནས་ཚེས ༥ ཉིན་བར། ཀུའེ་ཀྲོའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧྲེན་དབྱི་ཆིན་དང་ཞིང་ཆེན་འགོ་འཛིན་ལི་པིང་ཅུན་གྱི་ཕེབས་རོགས་འོག ཞི་ཅིན་ཕིང་སྔ་རྗེས་སུ་པི་ཅེ་དང་ཀུའེ་ཡང་སོགས་སུ་ཕེབས་ནས། གྲོང་གསེབ་དང་། སྡེ་ཁུལ། སྒོ་རྩིས་ཚོང་ཁང་སོགས་སུ་རྟོག་ཞིབ་དང་བརྟག་ཞིབ་གནང་བ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་འཚམས་འདྲི་གནང་ཡོད།
སྤྱི་ཚེས ༣ ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་དང་ཐོག་པི་ཅེ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བར་ཕེབས་ཡོད། པི་ཅེ་ནི་སྔོན་ཆད་ནུབ་རྒྱུད་དབུལ་ཕོངས་ས་ཁུལ་གྱི་དཔེ་མཚོན་ཡིན། དུས་རབས་གོང་མའི་ལོ་རབས ༨༠ པར། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པི་ཅེའི་༼གསར་སྤེལ་དབུལ་སྐྱོར་དང་འབྱུང་ཁམས་འཛུགས་སྐྲུན་༽གྱི་ཚོད་ལྟ་ཁུལ་བསྐྲུན་རྒྱུར་ཆོག་མཆན་གནང་ཡོད། ཞི་ཅིན་ཕིང་གིས་པི་ཅེ་ཡི་འཕེལ་རྒྱས་ལ་ཐུགས་ཁྲལ་ཆེན་པོ་གནང་ཞིང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་པི་ཅེ་ཡི་ཚོད་ལྟ་ཁུལ་གྱི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་ཐེངས་གསུམ་གནང་བ་དང་། ༼པི་ཅེ་ཡི་ཚོད་ལྟ་ཁུལ་གྱི་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་འཆར་འགོད་(༢༠༡༣-༢༠༢༠)༽ཞེས་པ་ལག་བསྟར་བྱ་རྒྱུར་བླང་བྱ་ཁ་གསལ་བཏོན་གནང་ཡོད། ལོ་ངོ་ ༣༠ ལྷག་ཙམ་རིང་། པི་ཅེ་ཡིས་འཆར་གཞི་རྒྱུན་མཐུད་བཀོད་པས། ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། སྤྱི་ལོ ༢༠༢༠ ལོར་སླེབས་སྐབས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་སྒྲུབ་ཐུབ་ཡོད།
ཝུའུ་ཅང་གཙང་པོ་ནི་ཀུའེ་ཀྲོའུ་ཞིང་ཆེན་གྱི་ཆུ་བོ་ཆེ་ཤོས་དེ་ཡིན་ལ། འབྲི་ཆུའི་སྟོད་རྒྱུད་ཀྱི་གཡས་ངོགས་ཀྱི་ཡན་ལག་ཆུ་བོ་ཆེ་ཤོས་ཀྱང་ཡིན། པི་ཅེ་གྲོང་ཁྱེར་ཆན་ཞི་རྫོང་ཤིན་རེན་མེའོ་རིགས་ཤང་གི་ཝུའུ་ཅང་གཙང་པོའི་ལིའུ་ཁྲུང་ཆུ་བོའི་དུམ་མཚམས་སུ་ཞི་ཅིན་ཕིང་གིས་ཝུའུ་ཅང་གཙང་པོའི་ཉེ་འགྲམ་གྱི་ཡུལ་ལྗོངས་ལ་རྒྱང་གཟིགས་གནང་བ་དང་། ཝུའུ་ཅང་གཙང་པོ་རྒྱུག་ཁུལ་གྱི་ཆུའི་སྦགས་བཙོག་འགོག་བཅོས་དང་། འབྱུང་ཁམས་ཉམས་གསོ་སྲུང་སྐྱོང་། ཉ་འཛིན་མི་ཆོག་པ་སོགས་ཀྱི་གནས་ཚུལ་སྙན་སེང་ཞུས་པར་གསན་ཡོད།
ཞི་ཅིན་ཕིང་ཧྭ་ཝུའུ་གྲུ་ཁར་ཕེབས་པ་དང་། ཞབས་ཐང་དུ་གཙང་པོའི་འགྲམ་ངོགས་ནས་ཝུའུ་ཅང་གཙང་པོའི་འབྱུང་ཁམས་ཁོར་ཡུག་དང་ཆུ་སྤུས་གནས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད། ས་གནས་དེ་གའི་གཙང་པོར་བཞུར་བའི་བཙོག་འབུད་དོང་ཁ་དོ་དམ་དང་ཆུ་སྤུས་ལྟ་ཞིབ་ཚད་ལེན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་བྱེད་སྟངས་ལ་གདེང་འཇོག་གང་ལེགས་གནང་ཡོད། ཁོང་གིས། སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས། འཕེལ་རྒྱས་དང་འབྱུང་ཁམས་ཀྱི་མཐའ་ཚད་གཉིས་དམ་སྲུང་བྱས་ཏེ། འབྱུང་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་ཧུར་ཐག་བསྐྱོད་དགོས་ཞེས་ནན་གསུངས་གནང་ཡོད།
དེ་རྗེས། ཞི་ཅིན་ཕིང་ཧྭ་ཝུའུ་གྲོང་ཚོར་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་ཡོད། ཧྭ་ཝུའུ་གྲོང་ཚོ་ནི་དེ་སྔ་ཤིན་ཏུ་དབུལ་བའི་གྲོང་ཚོ་ཞིག་ཡིན། ཉེ་བའི་ལོ་ཤས་རིང་། ཁྱད་ལྡན་འདེབས་འཛུགས་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བ་བརྒྱུད་མི་ཚང་མ་དབུལ་སྒྲོལ་ཐུབ་ཡོད། ཞི་ཅིན་ཕིང་གིས་ཧྭ་ཝུའུ་གྲོང་ཚོར་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་གཏོང་བར་མུ་མཐུད་སྐུལ་འདེད་གཏོང་བ། གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་ཡོད།
མེའོ་རིགས་ཀྱི་གྲོང་མི་ཀྲའོ་ཡུས་ཞུའེ་ཡི་ཁྱིམ་དུ། ཞི་ཅིན་ཕིང་གིས་འཚོ་གནས་ཁོར་ཡུག་ལ་གཟིགས་ཞིབ་ཞིབ་ཕྲ་གནང་བ་དང་། ཀྲའོ་ཡུས་ཞུའེ་ཡི་ནང་མི་དང་ལྷན་དུ་ས་གནས་དེ་གའི་སྲོལ་རྒྱུན་གྱི་དུས་ཆེན་ཟས་རིགས་བཟོས་གནང་བ་མ་ཟད་འཚོ་བའི་སྐོར་ལ་གླེང་མོལ་གནང་ཡོད། ཀྲའོ་ཡུས་ཞུའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅིར། དེ་སྔ་ཆུ་དང་། གློག ལམ་བཅས་ཤར་གཏོང་མི་ཐུབ་པའི་སར་འཚོ་བ་སྐྱེལ་གྱི་ཡོད། ད་ཆ་ཐོག་བརྩེགས་གཉིས་ལྡན་གྱི་ཁང་པར་སྡོད་རྒྱུ་བྱུང་བ་དང་ཆུ་གློག་ལམ་བཅས་ཤར་གཏོང་ཐུབ་ཡོད་ཅེས་ཞུས། ཞི་ཅིན་ཕིང་གིས་གསན་རྗེས་དགྱེས་ཚོར་ཆེན་པོ་གནང་ཡོད། ཁོང་གིས། ལས་ཞུགས་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་གཞི་རྩའི་བྱེད་ཐབས་ཤིག་རེད། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། མང་ཚོགས་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་རྒྱུར་སྟབས་བདེ་བསྐྲུན་ཏེ། མང་ཚོགས་ལ་ཡོང་འབབ་ཡོད་ལ་ཁྱིམ་ཚང་ལའང་ལྟ་རྟོག་ཐུབ་པ། ཕྲུ་གུར་སློབ་གསོ་དང་གསོ་སྐྱོང་ཡག་པོ་ཐུབ་པ་བྱ་དགོས་ཞེས་གསུངས་པ་དང་། ཀྲའོ་ཡུས་ཞུའེ་ཡི་ཁྱིམ་མི་རྣམས་ལ་ཁོང་ཚོའི་འཚོ་བ་བདེ་སྐྱིད་ལྡན་པའི་བཀྲ་ཤིས་སྨོན་འདུན་ཞུས་གནང་ཡོད། ཧྭ་ཝུའུ་གྲོང་ཚོ་ནི་མེའོ་རིགས་ཀྱིས་གཙོ་བོ་བྱེད་པའི་གྲོང་ཚོ་ཞིག་ཡིན་ཞིང་། ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས་ཡིན། ཞི་ཅིན་ཕིང་དབུལ་སྐྱོར་འཁོར་ཁང་དུ་ཕེབས་ནས། མེའོ་རིགས་ཀྱི་ཁྱད་ལྡན་འཚེམ་དྲུབ་ཐོན་ལས་འཕེལ་རྒྱས་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས། མི་རིགས་ཀྱི་རིག་གནས་ནི་འཛམ་གླིང་གི་ཡིན། མེའོ་རིགས་ཀྱི་འཚེམ་དྲུབ་ནི་སྲོལ་རྒྱུན་ཡིན་ལ་དར་སྲོལ་ཡང་ཡིན་ཞིང་། རིག་གནས་ཡིན་ལ་ཐོན་ལས་ཀྱང་ཡིན་པས། སྲོལ་རྒྱུན་གྱི་རིག་གནས་དར་སྤེལ་གཏོང་ཐུབ་པ་མ་ཟད། གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་ཀྱང་གཏོང་ཐུབ་པས། མེའོ་རིགས་ཀྱི་འཚེམ་དྲུབ་ཚུད་པའི་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཡག་པོ་དང་འཕེལ་རྒྱས་ཡག་པོ་གཏོང་དགོས་ཞེས་གསུངས་ཡོད།
གྲོང་ཚོའི་རིག་གནས་ཐང་ཆེན་ཐོག་ཡུལ་མི་ཚོས་དཔྱིད་གསར་དུས་ཆེན་གྱི་དམངས་སྲོལ་བྱེད་སྒོ་སྤེལ་བཞིན་ཡོད་པ་དང་། རྔ་བརྡུངས་བ་དང་། གླིང་བུ་གཏོང་བ། གླུ་ལེན་གར་འཁྲབ་ཀྱིས་མེའོ་རིགས་ཀྱི་མགྲོན་བསུའི་གླུ་དབྱངས་བླངས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས། ཚང་མས་མགྲིན་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ཁམས་བཟང་ཞེས་དགའ་འབོད་བྱས་ཡོད། ཞི་ཅིན་ཕིང་གིས་ཡུལ་མི་ཚོར། འདི་ལོ་ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པ་དང་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རླབས་ཆེན་གྱི་རྒྱལ་ཁ་ལེན་རྒྱུ་རེད། ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་ཞིང་། མི་རིགས་ལྔ་བཅུ་ང་དྲུག་ནི་མེ་ཏོག་ལྔ་བཅུ་ང་དྲུག་ཡིན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པར་མི་རིགས་གཅིག་ཀྱང་ལུས་མི་རུང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པར་མི་རིགས་གཅིག་ཀྱང་ལུས་མི་རུང་། དབུལ་སྒྲོལ་ཐུབ་རྗེས་གྲོང་གསེབ་དར་རྒྱས་གཏོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་དགོས། ཡུལ་མི་ཚོས་མུ་མཐུད་འབད་བརྩོན་ཧུར་ཐག་བྱས་ཏེ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དེ་བས་ཡག་པ་གཏོང་བ་དང་གྲོང་གསེབ་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཞལ་གྱེས་ཁར། ཡུལ་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གམ་དུ་བཅར་ནས་མེའོ་རིགས་ཀྱི་སྐུ་མགྲོན་ཞུགས་རྒྱུའི་རེ་བ་འདོན་པའི་གླུ་དབྱངས་མཉམ་དུ་བླངས་པ་དང་། བརྩེ་བས་ཕྱུག་པའི་གླུ་དབྱངས་དེ་ཝུའུ་ཅང་གཙང་པོའི་མཁའ་དབྱིངས་སུ་ཡུན་རིང་གྲགས་ཡོད།
སྤྱི་ཚེས ༤ ཉིན་ཞི་ཅིན་ཕིང་གིས་ཀུའེ་ཡང་གྲོང་ཁྱེར་དུ་བརྟག་ཞིབ་གནང་བར་ཕེབས་ཡོད། ཁོང་གིས་དང་ཐོག་ཀོན་ཧྲན་མཚེའུའི་ཁུལ་གྱི་མཉམ་ཤུགས་དམངས་ཕན་གྱི་ཞིང་ལས་ཐོན་ལས་སོས་པའི་མུ་འབྲེལ་སྒོ་རྩིས་ཚོང་ཁང་དུ་ཕེབས་ནས་དཔྱིད་གསར་དུས་ཆེན་གོང་གི་ཁྲོམ་རའི་མཁོ་སྤྲོད་དང་། ལོ་གསར་གྱི་མཁོ་ཆས་མཁོ་སྤྲོད། ཟོག་གོང་འཁོར་སྐྱོད་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད།
དམངས་ཕན་གྱི་ཞིང་ལས་ཐོན་རྫས་སོས་པའི་མུ་འབྲེལ་སྒོ་རྩིས་ཚོང་ཁང་དེ་ནི་ཀུའེ་ཡང་གྲོང་ཁྱེར་སྲིད་གཞུང་དང་ཞིང་ལས་ཐོན་རྫས་འཁོར་རྒྱུག་ཁེ་ལས་ཀྱིས་མཉམ་དུ་བཙུགས་པ་དང་། སྤྱི་ཕན་རང་བཞིན་གྱི་ཚོང་ཟོག་མཉམ་དུ་སིལ་ཚོང་བྱེད་པའི་མཐའ་སྣེ་བཏོད་དེ། མང་ཚོགས་ཀྱི་སྔོ་ཚལ་ཉོ་དཀའ་བ་དང་སྔོ་ཚལ་རིན་གོང་མཐོ་བའི་གནད་དོན་ཐག་གཅོད་བྱས་ཡོད། ཞི་ཅིན་ཕིང་གིས་ཚོང་ཟོག་གི་རིན་གོང་ལ་གཟིགས་ཞིབ་ཞིབ་ཕྲ་གནང་བ་དང་། ས་གནས་དེ་གའི་ཤ་ཚལ་སྒོང་གསུམ་དང་། བཟའ་འབྲུ། ཤིང་འབྲས་སོགས་མཁོ་སྤྲོད་འགན་ལེན་གྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ཁོང་གིས། མཉམ་ཤུགས་འདོན་པའི་དམངས་ཕན་གྱི་ཞིང་ལས་ཐོན་རྫས་སོས་པའི་སྒོ་རྩིས་ཚོང་ཁང་གི་གཉེར་སྐྱོང་མ་དཔེར་ཁྱད་ཆོས་ཟབ་མོ་ལྡན་ཡོད། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། སྲིད་གཞུང་དང་ཁེ་ལས་ཀྱིས་མཉམ་འབྲེལ་བྱས་ཏེ། ཕྱོགས་གཅིག་ནས་ཞིང་ནང་དང་མུ་ཁར་འབྲེལ་བ་དང་། ཕྱོགས་གཞན་ཞིག་ནས་དུད་ཚང་ཁྲི་སྟོང་མང་པོའི་གྲོང་མི་དང་འབྲེལ་ཞིང་། མ་རྩའི་ཐོག་ཁེ་བཟང་ཅུང་ཟད་ཡོད་པའི་གཉེར་སྐྱོང་བྱེད་སྟངས་རྒྱུན་འཁྱོངས་བྱས་ནས། ཞིང་པ་དང་གྲོང་མི་ཕྱོགས་གཉིས་ཀར་ཕན་པ་དངོས་ཐོབ་པ་བྱས་པ་དེའི་ཐོག་ནས། མཉམ་ཤུགས་ཀྱི་དམངས་ཕན་རྣམ་པ་མངོན་ཡོད། གཉེར་སྐྱོང་འདུ་ཤེས་དེ་རིགས་རྒྱ་སྐྱེད་གཏོང་རིན་ཡོད་ཅེས་གསུངས་ཡོད།
ལོ་གསར་གྱི་མཁོ་ཆས་ཉོ་བར་ཡོང་མཁན་མང་ཚོགས་ཚོས་སྤྲོ་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་ཡོད། ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་ཚང་མར་ལོ་གསར་གྱི་མཁོ་ཆས་གྲ་སྒྲིག་ཆ་ཚང་པོ་བྱུང་ཡོད་མེད་ཐད་བཀའ་འདྲི་གནང་ཡོད། ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་ལས་བྱེད་པས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དམ་འཛིན་བྱེད་དགོས་པ་དང་། ལྷག་དོན་དུ་རིམས་འགོག་བྱ་ཐབས་དོན་འཁྱོལ་བྱས་ནས་བཟའ་བཅའི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མང་ཚོགས་རྣམས་ལོ་གསར་གཏོང་སྐབས་བློ་བདེ་པོ་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་ཡོད།
ཀོན་ཧྲན་མཚེའུའི་ཁུལ་ཅིན་ཡང་ཁྲོམ་གཞུང་ཅིན་ཡོན་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་བྱ་རྒྱུས་ཁྲིད་སྟོན་བྱས་ཏེ། ཏང་འཛུགས་སྐྱོང་དྲ་བ་དང་། དུས་བདེའི་དྲ་བ། དམངས་འཚོའི་དྲ་བ་བཅས་དྲ་གསུམ་མཉམ་འདྲེས་ཁྱབ་སྤེལ་ཧུར་ཐག་བྱས་ནས། གཞི་རིམ་གྱི་བཅོས་སྐྱོང་ནུས་པའི་ཆུ་ཚད་མཐོ་རུ་བཏང་ཡོད། ཞི་ཅིན་ཕིང་ཅིན་ཡོན་སྡེ་ཁུལ་དུ་ཕེབས་ནས། དམངས་ཕན་ཞབས་ཞུ་དང་གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད།
ཞི་ཅིན་ཕིང་གིས། གཞི་རིམ་སྟོབས་ཆེ་ན་རྒྱལ་ཁབ་སྟོབས་དང་ལྡན་པ་དང་། གཞི་རིམ་བདེ་འཇགས་བྱུང་ན་གནམ་འོག་བདེ་འཇགས་ཡོང་བས། ངེས་པར་དུ་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་ཡོང་བ་བྱེད་པའི་རྨང་གཞིའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་སྒྲིག་འཛུགས་དང་དམངས་ལ་སྟབས་བདེ་སྐྲུན་པའི་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་ཡག་པོ་བྱེད་པ་དང་། དམངས་ཀྱི་ཆེད་དུ་ལས་དོན་སྒྲུབ་པ་དང་། དམངས་ལ་སྟབས་བདེ་སྐྲུན་པ། དམངས་ལ་ཕན་པ་སྐྲུན་པ་བཅས་ཀྱི་སྡེ་ཁུལ་གྱི་བྱེད་ནུས་ལ་ཤུགས་སྣོན་བརྒྱབ་སྟེ། གྲོང་མིར་དགོས་མཁོ་ཡོད་པ་དང་། སྡེ་ཁུལ་གྱིས་ཞབས་འདེགས་ཞུ་ཐུབ་པ་བྱས་ནས། སྡེ་ཁུལ་དེ་ཉིད་གྲོང་མིའི་བློས་འཁེལ་ཤོས་དང་བློ་བདེ་ཤོས་ཀྱི་རྟེན་ས་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། མིག་སྔར་རིམས་ནད་ཕྱི་ནས་མཆེད་རྒྱུ་སྔོན་འགོག་དང་ནང་ནས་བསྐྱར་ལོག་སྔོན་འགོག་བྱེད་པའི་ལས་འགན་སྔར་བཞིན་ལྕི་པོ་ཡོད། རིམས་ནད་མཆེད་པའི་ཉེན་ཁ་ཆུང་དུ་གཏོང་ཆེད། ས་ཆ་དེ་རང་དུ་ལོ་གསར་གཏོང་རྒྱུ་སྐུལ་སློང་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ས་ཆ་དེ་རང་དུ་ལོ་གསར་གཏོང་བའི་ཞབས་ཞུའི་འགན་ལེན་ལས་དོན་ཡག་པོ་བསྒྲུབས་ནས། མང་ཚོགས་ལ་དམིགས་བསལ་དང་དྲོ་སྐྱིད་ལྡན་པའི་དཔྱིད་གསར་དུས་ཆེན་ཞིག་གཏོང་དུ་འཇུག་དགོས་ཞེས་གསུངས་ཡོད།
སྡེ་ཁུལ་ཐང་ཆེན་དུ། གྲོང་མི་ཚོས་སྐད་གསང་མཐོན་པོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་ཤིང་། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་གུས་ལན་ཡང་ཡང་གནང་བ་དང་། ལྷན་རྒྱས་ལོ་གསར་པའི་ནང་བྱ་བ་ལམ་འགྲོ་དང་ཡག་ཐོག་ཡག་བརྩེགས་ཡོང་བའི་སྨོན་འདུན་ཞུས་པ་རེད། ཁོང་གིས། འདས་ཟིན་པའི་ལོ་གཅིག་དེ་སྤྱིར་བཏང་གཏན་ནས་མིན་ཏེ། རྦ་རླབས་འཇིགས་སུ་རུང་བ་ཡོད་ལ། འབད་འབུངས་ཡར་བརྩོན་ཡང་ཡོད། ཡང་སྒོས་སུ་གྲུབ་འབྲས་ཐོབ་ཡོད་ལ་རྒྱལ་ཁ་ཡང་བླངས་ཡོད། མི་ཚང་མར་མྱོང་བ་ཟབ་མོ་བྱུང་ལ། མི་ཚང་མ་ལས་སླ་པོ་ཞིག་ག་ལ་ཡིན། ད་ལོ་ང་ཚོས་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་འགོ་འཛུགས་རྒྱུ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་འགོ་ཚུགས་ནས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་རྒྱུ་ཡིན་པས། ང་ཚོས་མུ་མཐུད་དེ་སེམས་ཤུགས་གཅིག་སྒྲིལ་དང་འབད་བརྩོན་ཆེན་པོས་ལས་ཀ་ཡག་པོ་བྱས་ཏེ། བྱ་གཞག་གསར་པ་ཞིག་ཧུར་ཐག་བསྒྲུབས་ནས་གནམ་ས་གསར་པ་ཞིག་གཏོད་དགོས་ཞེས་གསུངས་ཡོད།
ཀུའེ་ཀྲའུ་ཞིང་ཆེན་དུ་གནས་པའི་རྨིད ༥༠༠ ཟིན་པའི་ཟླུམ་ངོས་གློག་རླབས་རྒྱང་ཤེལ་ནི་མིག་སྔར་འཛམ་གླིང་ཐོག་གི་ཁ་ཞེང་རྐྱང་པའི་གློག་རླབས་རྒྱང་ཤེལ་ཆེ་ཤོས་དེ་ཡིན་ལ། ཀྲུང་གོའི་གནམ་མིག་ཅེས་ཀྱང་བརྗོད་ཀྱི་ཡོད། སྤྱི་ཚེས ༥ ཉིན་གྱི་སྔ་དྲོར་ཞི་ཅིན་ཕིང་གིས་ཀྲུང་གོའི་གནམ་མིག་ཅེས་པའི་རྣམ་གྲངས་གི་འགན་ཁུར་བ་དང་ཚན་ཞིབ་རྐང་འཛིན་པ་དང་བྱམས་བརྩེའི་ངང་ཐུག་འཕྲད་གནང་ནས། ཀྲུང་གོའི་གནམ་མིག་འཛུགས་སྐྲུན་ལོ་རྒྱུས་དང་། ལག་རྩལ་གསར་གཏོད། རྒྱལ་སྤྱིའི་མཉམ་ལས་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་རེད། ཞི་ཅིན་ཕིང་གིས། ཀྲུང་གོའི་གནམ་མིག་ཅེས་པ་ནི་རྒྱལ་ཁབ་ཀྱི་ཚན་རྩལ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཞིག་དང་གནམ་ལ་ལྟ་བའི་མིག་ཆེན་དང་རྒྱལ་ཁབ་ཀྱི་ལག་རྩལ་གལ་ཆེན་ཞིག་ཡིན་པས། རང་རྒྱལ་གྱི་མདུན་གྲལ་ཚན་རིག་ཁྱབ་ཁོངས་ཀྱི་གསར་གཏོད་ཚད་བརྒལ་གལ་ཆེན་ཞིག་མངོན་འགྱུར་བྱུང་ཡོད་ཅིང་། ནན་རེན་ཏུང་ཚུད་པའི་ཚན་རྩལ་ལས་དོན་པ་འབོར་ཆེན་ཞིག་གིས་དེའི་ཐད་ཁུ་སིམ་མེར་ཕྱག་ལས་འབོར་ཆེན་གནང་ཡོད་པ་དང་། སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བས། མི་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་པ་ཞིག་རེད་ཅེས་གསུངས་ཡོད།
ཞི་ཅིན་ཕིང་གིས་བརྙན་མཐོང་བརྒྱུད་ཀྲུང་གོའི་གནམ་མིག་ལ་གཟིགས་ཞིབ་གནང་བ་མ་ཟད། སྤྱི་ཁྱབ་ཚོད་འཛིན་ཁང་གི་ཚན་རྩལ་ལས་དོན་པའི་འཐུས་མི་དང་བརྙན་འབྲེལ་གནང་ནས། ཁོང་ཚོ་དང་དེ་བཞིན་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པར་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཡང་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་ངེས་པར་དུ་ཚན་རྩལ་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས། ཚན་རྩལ་གསར་གཏོད་ཀྱི་འགག་རྩ་དང་རྐང་འཛིན་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།
ཁོང་གིས་རྒྱ་ཆེའི་ཚན་རྩལ་ལས་དོན་པས་ནན་རེན་ཏུང་སོགས་ཕུལ་བྱུང་གི་ཚན་རིག་མཁས་ཅན་མིག་དཔེར་བྱས་ཏེ་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་འཛམ་གླིང་གི་ཚན་རྩལ་ཡང་རྩེར་འཛེགས་ཕོད་པ་བྱས་ནས། ཁྱབ་ཁོངས་ཁག་གཅིག་ཏུ་རྩེར་སོན་མངོན་འགྱུར་དང་སྣེ་ཁྲིད་དེ་བསྐྱོད་པ་བརྒྱུད། ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་ཚན་རྩལ་ལ་བརྟེན་ནས་རང་སྟོབས་རང་འཕེལ་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུའི་སྐུལ་ལྕག་གནང་ཡོད་པ་རེད།
སྤྱི་ཚེས ༥ ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་གནང་བ་དང་། ཀུའེ་ཀྲོའུ་ཡི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ཡོད། ཀུའེ་ཀྲོའུ་ཡིས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞིས་འཛུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སྐྲུན་པ་བཅས་བྱེད་པ། སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་བརྟེན་ནས་ཁྱོན་ཡོངས་སྟངས་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་དང་འབྱུང་ཁམས་འཕེལ་རྒྱས་གཏོང་བའི་གཞི་ཐིག་གཉིས་ནན་སྲུང་བྱེད་པ། གོང་འཕེལ་དང་བདེ་འཇགས་ལས་དོན་གཅིག་གྱུར་འཕེལ་རྒྱས་གཏོང་བ། དུས་རབས་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ཐོག་ལམ་བུ་གསར་པ་གཏོད་པ། གྲོང་གསེབ་དར་རྒྱས་གཏོང་བའི་ཐད་འགོ་གསར་པ་འཛུགས་པ། གྲངས་གཞིའི་དཔལ་འབྱོར་འཐབ་ཇུས་ལག་བསྟར་བྱེད་པའི་ཐད་གོ་སྐབས་གསར་པ་འཚོལ་བ། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་གྲུབ་འབྲས་གསར་པ་གཏོད་པ་བཅས་བྱས་ནས། མང་ཚོགས་ཕྱུག་འགྱུར་དང་འབྱུང་ཁམས་མཛེས་སྡུག་ལྡན་པའི་ཀུའེ་ཀྲའུ་ཡི་མཛེས་སྡུག་གི་འབྱུང་འགྱུར་གསར་པ་ཧུར་ཐག་གཏོད་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། གསར་གཏོད་འཕེལ་རྒྱས་ནི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སྐྲུན་པའི་ལྡོག་མེད་ཀྱི་གདམ་ག་ཞིག་རེད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཆགས་པ་བྱ་རྒྱུར་དམིགས་ཏེ། གཞི་གྲངས་ཆེན་པོ་དང་དངོས་གཟུགས་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གསོ་སྤེལ་དང་སྟོབས་ཆེར་གཏོང་བ། དེང་རབས་ཐོན་ལས་མ་ལག་གང་མགྱོགས་སྐྲུན་པ་བཅས་བྱེད་པ། འཛད་སྤྱོད་ཀྱི་དགོས་མཁོ་ཧུར་ཐག་འདོན་པ་དང་། འཛད་སྤྱོད་ཀྱི་དཔེ་ཚུལ་གསར་པ་རྒྱ་ཆེར་གཏོང་བ་བརྒྱུད། འཛད་སྤྱོད་ཀྱི་བྱ་གཞི་འདོན་སྤེལ་གང་ལེགས་བྱེད་དགོས། སྒྱུར་བཅོས་ཀྱི་སྣེ་ཁྲིད་དང་ཚད་བརྒལ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས། གཏིང་ཟབ་པའི་སྒྲིག་སྲོལ་ལམ་སྲོལ་གྱི་གནད་དོན་ཐག་གཅོད་དེ་བས་མང་བ་བྱེད་པ་དང་། གསར་གཏོད་རང་བཞིན་གྱི་འཚོལ་ཞིབ་མང་ཙམ་བྱེད་པ། ལམ་ལུགས་རང་བཞིན་གྱི་གྲུབ་འབྲས་མང་ཙམ་ཐོན་པ་བྱེད་དགོས། ནུབ་རྒྱུད་ཀྱི་སྐམ་མཚོ་གཉིས་ཀྱི་བགྲོད་ལམ་གསར་པ་འཛུགས་སྐྲུན་བྱེད་པའི་ནང་ཧུར་ཐག་ཞུགས་པ། ཡུའེ་ཀང་ཨའོ་ཁུག་པ་ཆེན་པོ་འཕེལ་རྒྱས་གཏོང་བའི་ནང་རང་འགུལ་ངང་ཞུགས་པ། རྒྱུད་གཅིག་ལམ་གཅིག་བརྒྱུད་དེ་ཕྱི་རུ་སྐྱོད་རྒྱུ་མགྱོགས་སུ་གཏོང་བ་དང་། སྒོ་འབྱེད་ལ་བརྟེན་ནས་སྒྱུར་བཅོས་ལ་སྐུལ་སྤེལ་དང་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པ་དང་། འགུལ་རྣམ་ལྟ་ཞིབ་དང་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ། མེད་པ་མི་བཟོ་བ་བཞིའི་བླང་བྱ་དོན་འཁྱོལ་བྱེད་པ། ཡོང་འབབ་འགྱུར་ལྡོག་དང་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་སྲ་བརྟན་དུ་གཏོང་བར་རྗེས་འདེད་བརྟག་དཔྱད་བྱེད་པ། དུས་བཀག་ནང་ཞིབ་དཔྱད་བསྡུར་བཤེར་བྱེད་པ། འགུལ་རྣམ་ངང་གཙང་སེལ་བྱེད་དགོས། དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་། བྲིན་ཚོང་ཐབས་ལམ་རྒྱ་ཆེར་གཏོང་བ། ཡུལ་གཞན་དུ་གནས་སྤོས་བྱེད་མཁན་མང་ཚོགས་ལ་རྗེས་མཐུད་རོགས་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་མི་སྣ། རིག་གནས། འབྱུང་ཁམས་། རྩ་འཛུགས་སོགས་ཁྱོན་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་དང་གྲོང་གསེབ་ལས་དོན་རུ་ཁག་མུ་མཐུད་འདེམས་གཏོང་བྱ་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། འབྱུང་ཁམས་ཁོར་ཡུག་བཟང་པོ་ནི་ཀུའེ་ཀྲའུ་ཡི་འཕེལ་རྒྱས་བཟང་ཆ་ཆེ་ཤོས་དང་འགྲན་རྩོད་བཟང་ཆ་ཆེ་ཤོས་ཤིག་རེད། འབྱུང་ཁམས་སྔོན་ལ་འཇོག་པ་དང་འཕེལ་རྒྱས་གཏོང་བའི་ཕྱོགས་སྟོན་བརྟན་པོ་འཛུགས་པ་དང་། རི་ཆུ་ནགས་གསུམ་དང་། ཞིང་ལས། མཚེའུ། རྩྭ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་བྱེད་པར་གཅིག་གྱུར་འཆར་འགོད་བྱེད་པ། འབྱུང་ཁམས་མ་ལག་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རིག་དང་མཐུན་པའི་སྒོ་ནས་བྱེ་རྡོ་ཅན་དང་ས་ཆུ་ཤོར་བར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་ལས་དོན་ཆེན་པོ་འདི་རྒྱུན་ཆད་མེད་པར་ལེགས་པར་བསྒྲུབ་དགོས་ཞེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། ཐུན་མོང་ཕྱུག་འགྱུར་ཡོང་བ་བྱེད་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དམིགས་ཚད་གལ་ཆེན་ཞིག་ཡིན་པས། མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་ཀྱིས། ནུས་ཤུགས་ཡོད་རྒུ་འདོན་པ་དང་ནུས་པས་ལྕོགས་ཚོད་བྱེད་པ་དང་། ས་ཁུལ་གྱི་ཧེ་བག་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག ཡོང་འབབ་ཀྱི་ཧེ་བག་སོགས་ཀྱི་གནད་དོན་རང་འགུལ་ངང་ཐག་གཅོད་བྱས་ཏེ། མང་ཚོགས་ཀྱིས་འགྱུར་ལྡོག་མཐོང་ཐུབ་པ་དང་ཕན་པ་དངོས་ཐོབ་པ་བྱེད་དགོས། ལས་ཞུགས་སྔོན་ལ་འཇོག་པའི་འཐབ་ཇུས་དང་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་དོན་འཁྱོལ་བྱེད་པ། སློབ་གསོ་དང་། རྒན་གསོ། སྨན་བཅོས། སྡོད་ཁང་སོགས་ཀྱི་གནད་དོན་མངོན་གསལ་དོད་པོས་ཐག་གཅོད་ཡག་པོ་བྱེད་པ། ནད་རིགས་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། དམངས་དོན་ཁྲིམས་གཞུང་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་འགལ་ཟླ་སྔོན་འགོག་དང་དེ་སེལ་རྒྱུའི་ལམ་སྲོལ་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། ནག་སེལ་གཤེད་འཇོམས་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱིས་ཁྱད་ལྡན་བཟང་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱས་ཏེ། གྲངས་ཉུང་མི་རིགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་གཏོང་དགོས་ཞེས་གསུངས་ཡོད་པ་རེད།
ཞི་ཅིན་ཕིང་གིས། དེ་སྔ་རྒྱང་སྐྱོད་བྱེད་སྐབས། ཀུའེ་ཀྲོའུ་ནི་དམར་དམག་གིས་བྱེད་སྒོ་སྤེལ་ཡུན་རིང་ཤོས་དང་བྱེད་སྒོ་སྤེལ་རྒྱ་ཆེ་ཤོས་ཡིན་པས། ང་ཚོར་རྩ་ཆེའི་བསམ་པའི་རྒྱུ་ནོར་འཇོག་གནང་ཡོད། ཙུན་དབྱི་གྲོས་ཚོགས་ནི་རང་རེའི་ཏང་གི་ལོ་རྒྱུས་ཐོག་གི་ཁ་ཕྱོགས་འགྱུར་བའི་དོན་སྙིང་རླབས་ཆེན་ལྡན་པའི་གྲོས་ཚོགས་གལ་ཆེན་ཞིག་རེད།
གྲོས་ཚོགས་དེ་ནི་དམར་དམག་གིས་བསྐོར་བཅོམ་ཐེངས་ལྔ་པར་འགོག་རྒོལ་བྱས་པ་ཕམ་ཉེས་བྱུང་བ་དང་རྒྱང་སྐྱོད་ཀྱི་དུས་འགོར་བར་ཆད་ཚབས་ཆེན་བྱུང་བའི་ལོ་རྒྱུས་ཀྱི་འགག་རྩའི་སྐབས་སུ་འཚོགས་པ་ཞིག་ཡིན་པ་དང་། ཚོགས་ཆེན་དེའི་ཐོག་བློ་མཐུན་མའོ་ཙེ་ཏུང་གི་ཏང་ཀྲུང་དབྱང་དང་དམར་དམག་ཁྲོད་ཀྱི་འགོ་ཁྲིད་ཀྱི་གོ་གནས་གཏན་ལ་ཕབ་ཡོད་པ་དང་། བློ་མཐུན་མའོ་ཙེ་ཏུང་གིས་སྐུ་ཚབ་གཙོ་བོ་གནང་བའི་མར་ཁེ་སི་རིང་ལུགས་ཀྱི་ཡང་དག་པའི་ལམ་ཕྱོགས་ཀྱིས་ཏང་ཀྲུང་དབྱང་གི་འགོ་ཁྲིད་གོ་གནས་གཏན་འཁེལ་བྱེད་འགོ་བརྩམས་པ། བློ་མཐུན་མའོ་ཙེ་ཏུང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་ཚན་པ་མི་རབས་དང་པོ་གྲུབ་འགོ་ཚུགས་ཡོད། རང་རེའི་ཏང་གིས་རང་ཚུགས་རང་བདག་གི་སྒོ་ནས་ཀྲུང་གོའི་གསར་བརྗེའི་གནད་དོན་དངོས་ཐག་གཅོད་བྱེད་པའི་དུས་རིམ་གསར་པའི་འགོ་བརྩམས་པ་དང་། ཉེན་ཁ་ཆེ་ཤོས་ཀྱི་འགག་རྩའི་སྐབས་སུ་རང་རེའི་་ཏང་དང་། དམར་དམག ཀྲུང་གོའི་གསར་བརྗེ་བཅས་སྐྱོབ་གནང་ཡོད། ཙུན་དབྱི་གྲོས་ཚོགས་ཀྱི་ཁྱད་ཆོས་མངོན་གསལ་དོད་ཤོས་ཞིག་ནི་བདེན་དོན་མཐའ་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱས་ནས་ཏང་ཀྲུང་དབྱང་གི་ཡང་དག་འགོ་ཁྲིད་པ་གཏན་ལ་ཕབ་པ། ཀྲུང་གོའི་གསར་བརྗེའི་ཁྱད་ཆོས་དང་མཐུན་པའི་འཐབ་ཇུས་དང་བཀོད་ཇུས་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་གཏན་འབེབས་བཅས་མཛད་ཡོད་ཅིང་། དེར་ད་ལྟའང་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། སྤེལ་གྲབས་ཡོད་པའི་ཏང་གི་ལོ་རྒྱུས་སྐོར་གྱི་སློབ་སྦྱོང་དང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། རྒྱང་སྐྱོད་སྙིང་སྟོབས་དང་ཙུན་དབྱི་གྲོས་ཚོགས་ཀྱི་དགོངས་དོན་ཁྲོད་ནས་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་ལས་འགན་གསལ་རྟོགས་ཐུབ་པ་བྱེད་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ། དངོས་ཐོག་བདེན་འཚོལ་དང་། བདེན་དོན་མཐའ་འཁྱོངས། ཚན་རིག་དང་མཐུན་པར་འགྱུར་ལྡོག་གཏོང་བ། རང་འགུལ་ངང་འགྱུར་ལྡོག་གཏོང་བ། དམིགས་ཚད་ལ་དམ་པོར་དམིགས་པ། ཞུམ་མེད་མདུན་སྐྱོད་བཅས་བྱས་ནས། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི་ཐོག་ཡག་པོ་བསྐྱོད་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོར་ཤུགས་སྣོན་རྒྱག་པ། དེ་དང་ཆབས་ཅིག་ཏུ་ཀྲུང་གོ་གསར་པའི་ལོ་རྒྱུས་དང་། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སློབ་སྦྱོང་བྱས་ནས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ཤུགས། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་དོན་གྱི་བྱས་རྗེས་གལ་ཆེ་ཤོས་སུ་བརྩིས་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་ཁྱད་བསད་མཐའ་གཅིག་ཏུ་བྱེད་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་བསམ་པ་བཅས་ལ་གཅིག་གྱུར་ཐོག་སྐུལ་འདེད་བཏང་ནས། ཆབ་སྲིད་ཀྱི་འབྱུང་ཁམས་ཟམ་མི་ཆད་པར་གཙང་དུ་བཏང་སྟེ། སྤྱོད་གཙང་གཞུང་དྲང་གི་འཕེལ་རྒྱས་ཁོར་ཡུག་གཏོད་དགོས་ཞེས་ནན་གསུངས་གནང་ཡོད།
ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཁྲེན་ཞི། ཧོ་ལི་ཧྥེང་བཅས་དང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ནས་རྟོག་ཞིབ་ལ་ཕེབས་རོགས་ཞུས་ཡོད་པ་རེད། །