རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ ༡༠ པའི་ཚེས ༣༡ ཉིན་གྱི་དགོང་མོ་པེ་ཅིང་དུ་བརྙན་ལམ་བརྒྱུད་དེ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དྲུག་པར་མུ་མཐུད་ཞུགས་གནང་སྟེ། གཙོ་བོ་གནམ་གཤིས་འགྱུར་ལྡོག་དང་། ནུས་རྒྱུ། རྒྱུན་མཐུད་གོང་འཕེལ་སོགས་གནད་དོན་ཐད་ཀྱི་གཟིགས་སྟངས་རྒྱས་བཤད་གནང་ཡོད།
ཞི་ཅིན་ཕིང་གིས་གནམ་གཤིས་འགྱུར་ལྡོག་དང་ནུས་རྒྱུའི་གནད་དོན་ནི་མིག་སྔའི་ཆར་ཆེས་མངོན་གསལ་དོད་པའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་རྩོད་ཅིག་ཡིན་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་དང་འབྲེལ་བ་ཡོད་ལ། ས་གོ་ལའི་མ་འོངས་པ་དང་འབྲེལ་བ་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ནས་སྟོབས་ཤུགས་གཅིག་སྒྲིལ་ངང་འགྲན་རྩོད་ལ་ཁ་གཏད་གཅོག་པའི་འདོད་མོས་དང་སྒུལ་ཤུགས་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད་པ་དང་། འགག་རྩ་དེ་ལག་ལེན་ལ་ཐུག་ཡོད། གཅིག་ནས་དོ་སྙོམས་པའི་སྲིད་ཇུས་བྱ་ཐབས་ལག་བསྟར་བྱ་དགོས། ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་གོང་འཕེལ་ལ་ངེས་པར་དུ་གཅིག་གྱུར་འཆར་འགོད་བྱེད་དགོས། གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པ་དང་དམངས་འཚོ་འགན་སྲུང་བྱ་རྒྱུར་ལྟ་རྟོག་བྱེད་དགོས། དཔལ་འབྱོར་མ་ལག་གཙོ་བོས་དོན་དེའི་ཐད་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། གཉིས་ནས་༼མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་བའི་སྒྲོམ་གཞིའི་ནང་གི་སྤྱི་ཆིངས༽དང་༼ཕ་རི་སིའི་གྲོས་ཆོད༽ཁྱོན་ཡོངས་ནས་དོན་འཁྱོལ་ནུས་ལྡན་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐབས་ལམ་གཙོ་བོའི་གནས་བབ་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཐུན་མོང་ཡིན་ལ་དབྱེ་བ་ཡོད་པའི་འགན་འཁྲིའི་རྩ་དོན་རྨང་རྡོར་བྱེད་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱེད་པ། ནུས་ལྡན་གྱི་བྱ་སྤྱོད་སྟོན་ཕྱོགས་སུ་བྱེད་པ། རང་ངོས་ཀྱི་བྱ་སྤྱོད་ལ་ཤུགས་རྒྱག་པ། མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། གསུམ་ནས་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཁོངས་མིས་སྔོན་ཐོན་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་སྔོན་ལ་གཏོང་དགོས་པ་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ཀྱང་ཁས་ལེན་བྱས་པ་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་མ་དངུལ་རྒྱབ་སྐྱོར་བྱ་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས་འདས་པའི་བགྲང་བྱ ༡༥ ཡི་ནང་ཀྲུང་གོས་ཐཱན་འབུད་བཤངས་བྱེད་ཚད་སྤྱི་ལོ ༢༠༢༠ ལོའི་གནམ་གཤིས་བྱ་སྤྱོད་དམིགས་འབེན་ལས་ཆེས་ཆེར་བརྒལ་ཡོད། ཀྲུང་གོས་ཁྱབ་ཁོངས་དང་ལས་རིགས་གཙོ་བོའི་ཐཱན་རྩེ་གྲངས་སུ་སླེབས་པ་བྱ་རྒྱུའི་ལག་བསྟར་ཇུས་གཞི་དང་འདེགས་སྐྱོར་བྱ་ཐབས་མུ་མཐུད་ནས་ཁྱབ་བསྒྲགས་བྱ་རྒྱུ་དང་། ཐཱན་རྩེ་གྲངས་སུ་སླེབས་པ་བྱ་རྒྱུ་དང་། ཐཱན་དོ་སྙོམས། དེ་བཞིན ༡+Nསྲིད་ཇུས་མ་ལག་འཛུགས་རྒྱུ་དང་། ནུས་རྒྱུ་དང་། ཐོན་ལས་གྲུབ་གཞི་བརྗེ་སྒྱུར་རིམ་སྤར་ལ་མུ་མཐུད་ནས་སྐུལ་འདེད་གཏོང་བ་དང་། གནོད་མེད་ཐཱན་ཉུང་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ། ཆ་རྐྱེན་ཡོད་པའི་ས་ཆ་དང་། ལས་རིགས། ཁེ་ལས་བཅས་ཀྱིས་སྔོན་ལ་ཐཱན་རྩེ་གྲངས་སུ་སླེབས་རྒྱུར་རྒྱབ་སྐྱོར་བྱས་ནས། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། ནུས་རྒྱུ་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། མིག་སྔའི་ཆར། ཏོག་གསར་གློ་ཚད་རིམས་ནད་མུ་མཐུད་ནས་མཆེད་འགྲོ་བའི་ཉེན་ཁ་ཐོན་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལོ་མང་རིང་གསོག་འཇོག་བྱས་པའི་གོང་འཕེལ་གྱི་གྲུབ་འབྲས་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་བཞིན་ཡོད་པ་དང་། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་སྔར་བྱུང་མ་མྱོང་བའི་ཕོག་ཐུག་དང་ཚོད་བགམ་ཐེབས་བཞིན་ཡོད། ཏོག་གསར་གློ་ཚད་རིམས་ནད་ཀྱིས་རྒྱལ་ཁབ་ཁག་གི་ལས་དབང་གཅིག་ཏུ་འབྲེལ་བ་དང་། ཁེ་ཕན་མཉམ་འདྲེས་ཡིན་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་ཡིན་པ་སླར་ཡང་དྲན་སྐུལ་བྱས་ཡོད། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་རྒྱུན་མཐུད་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་བ་བརྒྱུད། འབྲེལ་ཡོད་རྒྱལ་ཁབ་ཀྱི་མི་དམངས་ལ་ཕན་བདེ་བསྐྲུན་དགོས། དེ་ནི་མིའི་རིགས་ཧྲིལ་པོ་དང་གོ་ལ་ཧྲིལ་པོའི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཡོད་པ་ཞིག་ཀྱང་རེད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས་ཉེ་ཆར་ཀྲུང་གོས་གོ་ལ་ཧྲིལ་པོར་གོང་འཕེལ་གྱི་གྲོས་འགོ་བཏོན་ནས། རྒྱལ་སྤྱིའི་སྤྱི་ཚོགས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ ༢༠༣༠ ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་ཁག་གང་མགྱོགས་དོན་འཁྱོལ་བྱེད་པ་བརྒྱུད། དེ་བས་སྟོབས་ཆེ་བ་དང་། གནོད་མེད། བདེ་ཐང་བཅས་ཀྱི་འཛམ་གླིང་གོང་འཕེལ་འགྲོ་འགྱུར་སྐུལ་འདེད་གཏོང་རྒྱུའི་རེ་འབོད་བྱས་ཡོད། རྒྱལ་ཁབ་ཉི་ཤུ་ཚོགས་པས་དེའི་ཐད་ཐུན་མོང་ངོས་འཛིན་གཅིག་སྡུད་བྱེད་པ་དང་། དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་སྟེ།
གཅིག་ནས་གོང་འཕེལ་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་འདུ་ཤེས་ལག་ལེན་མཐར་ཕྱིན་བསྟར་དགོས། མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་དང་མིའི་ཕྱོགས་ཡོངས་ཀྱི་གོང་འཕེལ་མངོན་འགྱུར་ཡོང་བ་བྱ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས། གོང་འཕེལ་དང་མཉམ་ལས་དེ་གོ་ལ་ཧྲིལ་པོའི་སྤྱི་ཁོག་སྲིད་ཇུས་མཐུན་སྦྱོར་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་གྲོས་རིམ་གྱི་མངོན་གསལ་དོད་སར་བཞག་ནས། དབུལ་ཕོངས་དང་གོང་འཕེལ་དོ་སྙོམས་མེད་པ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས།
གཉིས་ནས་བྱ་སྤྱོད་ཕྱོགས་སྟོན་རྒྱུན་འཁྱོངས་བྱས་ནས། དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། གོང་འཕེལ་ཐད་མ་དངུལ་འཇོག་ཤུགས་ཆེ་རུ་གཏོང་བ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དགོས་མཁོར་མཐོང་ཆེན་བྱས་ཏེ། དབུལ་པོ་ཉུང་གཏོང་དང་། འབྲུ་རིགས་བདེ་འཇགས། བཟོ་ལས་ཅན། ཕན་ཚུན་སྦྲེལ་མཐུད་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོས་ད་ལོའི་སྤྱི་ཟླ ༩ པར་རྒྱལ་སྤྱིའི་འབྲུ་རིགས་གྲོན་ཆུང་ཚོགས་ཆེན་བདེ་བླག་ངང་སྐོང་འཚོགས་བྱས་ཡོད། རྒྱལ་ཁབ་ཉི་ཤུ་ཚོགས་པའི་སྟེགས་བུ་འདི་བརྒྱུད་མུ་མཐུད་ཀྲུང་གོའི་བློ་གྲོས་དང་ཇུས་གཞི་དེ་བས་མང་བ་ལེགས་སྐྱེས་འབུལ་འདོད་ཡོད།
གསུམ་ནས་གཉིས་ཕན་མཉམ་རྒྱལ་རྒྱུན་འཁྱོངས་བྱས་ནས། རོགས་ཟླའི་འབྲེལ་བ་འཛུགས་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། གོ་ལ་ཧྲིལ་པོའི་གོང་འཕེལ་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་བཏང་སྟེ། གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་གོང་འཕེལ་ཀྱི་རོགས་སྐྱོར་ཁས་ལེན་བྱས་པ་ལག་ལེན་ངོ་མར་འཁྱོལ་བ་བྱས་ནས། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཐོན་ཁུངས་དེ་བས་མང་བ་མཁོ་འདོན་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་བཏོན་པའི་གོ་ལ་ཧྲིལ་པོའི་གོང་འཕེལ་ཀྱི་གྲོས་འགོ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ ༢༠༣༠ ལོའི་རྒྱུན་མཐུད་གོང་འཕེལ་གྲོས་རིམ་དང་སྦྲེལ་མཐུད་གཏིང་ཟབ་བྱས་ནས། གོ་ལ་ཧྲིལ་པོའི་གོང་འཕེལ་བྱ་གཞག་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པ་བཅས་ཡིན་ཞེས་ནན་གསུངས་གནང་ཡོད།
དབུ་ཚོགས་ཐོག་༼རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་མི་སྣའི་རོ་མའི་དབུ་ཚོགས་ཀྱི་བསྒྲགས་གཏམ༽ལ་གྲོས་འཆམ་བྱུང་བ་རེད།
ཏིང་ཞུའེ་ཞང་དང་། ལིའུ་ཧོ། དབྱང་ཅེ་ཁྲེ་སོགས་ཞུགས་པ་རེད།
ཝང་དབྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་དམིགས་བསལ་འཐུས་མི་ཡིན་པའི་ངོས་ནས་དབྱི་ཐ་ལིའི་ཡུལ་དངོས་སུ་ཚོགས་འདུར་ཞུགས་པར་ཕེབས་ཡོད་པ་རེད། །