ཞི་ཅིན་ཕིང་གིས་སྐབས་བཞི་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གཙོ་དོན་གཏམ་བཤད་གནང་ནས། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་དོན་དམ་པའི་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་འཛམ་གླིང་དང་ཁྲོམ་རའི་གོ་སྐབས་མཉམ་སྤྱོད་བྱེད་པ། བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་སྒོ་དབྱེར་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་འཛམ་གླིང་གི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བཅས་བྱ་རྒྱུ་རེད་ཅེས་ནན་གསུངས་གནང་བ།
སྤྱི་ཟླ ༡༡ ཚེས ༤ ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་རྣམ་པའི་ཐོག་ནས་སྐབས་བཞི་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་འགོ་བརྗོད་དུ་༼སྒོ་དབྱེའི་དཔྱིད་རླུང་གིས་འཛམ་གླིང་ལ་དྲོ་སྐྱིད་སྦྱིན་༽ཞེས་པའི་གཙོ་དོན་གཏམ་བཤད་གནང་ཡོད།
ཞི་ཅིན་ཕིང་གིས། སྐབས་བཞི་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ལ་ཞུགས་མཁན་སྐུ་མགྲོན་རྣམ་པ་དང་གྲོགས་པོ་གསར་རྙིང་དང་མཉམ་འཛོམས་བྱུང་བར་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་། ཀྲུང་གོས་སྔར་ནས་ཁ་དན་ཚིག་གནས་དང་གང་བྱས་མཐའ་འཁྱོལ་བྱེད་ཀྱི་ཡོད། ང་རང་གིས་སྐབས་གསུམ་པའི་ནང་འདྲེན་དངོས་མང་སྟོན་ཚོགས་ཐོག་ཁྱབ་བསྒྲགས་བྱས་པའི་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུའི་བྱ་ཐབས་རྣམས་གཞི་རྩའི་ཆ་ནས་དོན་འཁྱོལ་བྱུང་ཡོད། ཀྲུང་གོས་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ནས། ཕྱི་ཕྱོགས་ཉོ་ཚོང་གསར་གཏོད་གོང་འཕེལ་ལ་སྐུལ་འདེད་བཏང་བ་ནི་ན་ནིང་གོ་ལ་ཧྲིལ་པོའི་དངོས་ཟོག་ཉོ་ཚོང་གཙང་འཕར་བྱུང་བའི་དཔལ་འབྱོར་མ་ལག་གཙོ་བོ་ཉག་ཅིག་དེ་ཡིན་པས། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་ཡོང་བའི་འགན་ལེན་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། མིག་སྔར། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དུ་འགྱུར་བའི་ཐད་ལ་བར་ཆད་འཕྲད་ཡོད། དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་མདུན་སྐྱོད་མ་བྱས་ན་ཕྱིར་བཤོལ་ཐེབས་ངེས་རེད། ང་ཚོས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་བྱེད་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་གིས་སྒོ་དབྱེ་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱེད་པ། ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པ། མིའི་རིགས་སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་ཕྱོགས་སུ་སྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས། སྒོ་དབྱེ་ནི་དེང་སྐབས་ཀྲུང་གོའི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་རེད། འདི་ལོ་ནི་ཀྲུང་གོ་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ནང་ཞུགས་ནས་ལོ ༢༠ འཁོར་བའི་ལོ་ཞིག་རེད། ལོ ༢༠ ཡི་རིང་། ཀྲུང་གོས་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ནང་ཞུགས་པའི་ཁས་ལེན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། སྒོ་དབྱེ་ཟམ་མི་ཆད་པར་ཤུགས་ཆེ་རུ་བཏང་བ་དང་། ཀྲུང་གོའི་གོང་འཕེལ་གྱི་དཔྱིད་ཀྱི་ཚ་རླབས་འཕྱུར་བར་སྐུལ་འདེད་བཏང་ཡོད་ལ་འཛམ་གླིང་དཔལ་འབྱོར་གྱི་དཔྱིད་ཀྱི་དཔལ་ཡོན་ཡང་འཕྱུར་ཡོད། ལོ ༢༠ རིང་ནི་ཀྲུང་གོས་སྒྱུར་བཅོས་གཏིང་ཟབ་དང་ཁྱོན་ཡོངས་སྒོ་དབྱེ་བྱེད་པའི་ལོ་༢༠དང་། ཀྲུང་གོས་གོ་སྐབས་དམ་འཛིན་དང་འགྲན་རྩོད་མདུན་དུ་བསུ་བའི་ལོ ༢༠ ཀྲུང་གོས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་འཛམ་གླིང་ལ་བདེ་སྐྱིད་སྐྲུན་པའི་ལོ་༢༠བཅས་རེད། ལོ ༢༠ ཡི་རིང་ཀྲུང་གོ་གོང་འཕེལ་དང་ཡར་ཐོན་བྱུང་བ་དེ་ནི། ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ཆེའི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ཀྱིས་དཀའ་སྤྱད་སྙིང་རུས་དང་ཞུམ་མེད་འབད་འཐབ་བྱས་ནས་ཐོབ་པ་ཞིག་ཡིན་ལ། རྒྱལ་སྤྱིའི་མཉམ་ལས་ལ་རང་འགུལ་ངང་ཤུགས་སྣོན་རྒྱབ་པ་དང་གཉིས་ཕན་མཉམ་རྒྱལ་ལག་ལེན་བསྟར་བའི་འབྲས་བུའང་རེད། ང་རང་གིས་ལོ་རྒྱུས་ཀྱི་འཕེལ་རིམ་དེའི་ནང་ཞུགས་པའམ་ཡང་ན་དཔང་པོ་གནང་མཁན་དང་། ཀྲུང་གོའི་སྒོ་དབྱེ་གོང་འཕེལ་ལ་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ཕྱི་ནང་གི་ལས་རིགས་ཁག་གི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་དར་རྒྱས་གཏོང་དགོས་ན་ངེས་པར་དུ་ལོ་རྒྱུས་མདུན་དུ་སྐྱོད་པའི་གཏན་ཚིགས་ཁྲོད་མདུན་སྐྱོད་དང་། དུས་རབས་གོང་འཕེལ་འགྲོ་བའི་རླབས་རྒྱུན་ཁྲོད་གོང་འཕེལ་གཏོང་དགོས། ཀྲུང་གོའི་ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུའི་ཆོད་སེམས་འགྱུར་མི་སྲིད་པ་དང་། འཛམ་གླིང་དང་གོང་འཕེལ་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་པའི་ཆོད་སེམས་འགྱུར་མི་སྲིད་པ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དེ་སྔར་བས་སྒོ་དབྱེ་དང་། ཁོག་ཡངས། ཀུན་ཕན། དོ་སྙོམས། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཆོད་སེམས་འགྱུར་མི་སྲིད་པ་སྟེ།
གཅིག་ནས། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་དོན་དམ་པའི་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱ་རྒྱུ་ཡིན། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ལྟེ་བར་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ནི་རྒྱལ་སྤྱིའི་ཉོ་ཚོང་གི་རྨང་རྡོ་ཡིན། ཀྲུང་གོས་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྒྱུར་བཅོས་ཡང་དག་པའི་ཕྱོགས་སུ་གོང་འཕེལ་གཏོང་རྒྱུར་རྒྱབ་སྐྱོར་དང་། ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་གྱི་ཁོག་ཡངས་རང་བཞིན་གྱི་གོང་འཕེལ་ལ་རྒྱབ་སྐྱོར། གོང་འཕེལ་འགྲོ་བཞིན་པའི་ཁོངས་མིའི་ཁྲིམས་མཐུན་ཁེ་དབང་ལ་རྒྱབ་སྐྱོར་བཅས་བྱ་རྒྱུ་ཡིན། ཀྲུང་གོས་ཧུར་བརྩོན་ཆེན་པོས་སྒོ་དབྱེའི་རྣམ་འགྱུར་ཐོག་ནས་གྲངས་འཛིན་དཔལ་འབྱོར་དང་། ཉོ་ཚོང་དང་ཁོར་ཡུག ཐོན་ལས་ཁ་གསབ། གཞུང་ཁོངས་ཁེ་ལས་སོགས་ཀྱི་གྲོས་འགོའི་གྲོས་མོལ་ནང་ཞུགས་ནས། ཕྱོགས་མང་ཉོ་ཚོང་སྒྲིག་གཞིའི་རྒྱལ་སྤྱིའི་སྒྲིག་སྲོལ་བཟོ་རྒྱུའི་ཐབས་ལམ་གཙོ་བོའི་གནས་བབ་ལ་སྲུང་སྐྱོང་དང་། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་ཡོང་བ་བྱ་རྒྱུ་ཡིན།
གཉིས་ནས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་འཛམ་གླིང་དང་ཁྲོམ་རའི་གོ་སྐབས་མཉམ་སྤྱོད་བྱ་རྒྱུ་ཡིན། ཀྲུང་གོས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་རྒྱུར་དེ་བས་སྣང་ཆེན་བྱས་ཏེ། ཉོ་ཚོང་དོ་སྙོམས་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ནང་འདྲེན་ཉོ་ཚོང་གིས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་དཔེ་སྟོན་ཁུལ་མང་དུ་གཏོང་བ། རྒྱལ་མཚམས་ལས་སྒྲོལ་བའི་གློག་རྡུལ་ཉོ་ཚོང་སིལ་ཚོང་ནང་འདྲེན་ཚོང་ཟོག་གི་གསལ་ཐོ་ལེགས་སུ་གཏོང་བ། མཐའ་མཚམས་མང་ཚོགས་ཀྱི་ཚོང་འདུས་ཉོ་ཚོང་ནང་འདྲེན་ཚོང་ཟོག་ལས་སྣོན་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཉེ་འཁོར་རྒྱལ་ཁབ་ནས་ནང་འདྲེན་བྱེད་མང་དུ་གཏོང་རྒྱུ་ཡིན། ཀྲུང་གོས་རྒྱལ་ནང་དང་ཕྱི་ཕྱོགས་ཉོ་ཚོང་གཞི་གཅིག་ཅན་ལ་འགྱུར་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་འཛད་སྤྱོད་ལྟེ་གནས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། དར་གོས་ལམ་བུའི་གློག་རྡུལ་ཉོ་ཚོང་གོང་འཕེལ་གཏོང་བ། དེང་རབས་ཟོག་འགྲེམས་མ་ལག་འཛུགས་པ། རྒྱལ་མཚམས་ལས་བརྒལ་བའི་ཟོག་འགྲེམས་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་རྒྱུ་ཡིན།
གསུམ་ནས། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་མཐོ་བའི་སྒོ་དབྱེ་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་ཕྱི་དངུལ་ཆོག་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་སྔར་བས་ཆུང་དུ་གཏོང་བ་དང་། གློག་འཕྲིན་དང་སྨན་བཅོས་སོགས་ཞབས་ཞུའི་ལས་རིགས་ཁྱབ་ཁོངས་ཀྱི་སྒོ་དབྱེ་གོ་རིམ་ལྡན་པའི་ངང་རྒྱ་ཆེར་གཏོང་བ། ༼ཕྱི་རྒྱལ་ཚོང་པའི་མ་འཇོག་ཐོན་ལས་ལ་སྐུལ་མ་གཏོང་བའི་དཀར་ཆག་༽བཟོ་བཅོས་དང་རྒྱ་ཆེར་གཏོང་བ། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་གྱི་ས་མཚམས་ལས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་གི་བཀག་རྒྱའི་གསལ་ཐོ་འདོན་རྒྱུ། ཀྲུང་གོས་གནོད་མེད་ཐཱན་ཉུང་དང་གྲངས་འཛིན་དཔལ་འབྱོར་སོགས་རྒྱལ་སྤྱིའི་མཉམ་ལས་ནང་གཏིང་ཟབ་ཞུགས་ནས། ༼ཁྱོན་ཡོངས་ནས་ཞི་བདེ་རྒྱ་མཚོ་ཆེ་མོ་ལས་བརྒལ་བའི་རོགས་ཟླའི་འབྲེལ་བ་གོང་འཕེལ་གཏོང་རྒྱུའི་གྲོས་ཆོད་༽དང་༼གྲངས་འཛིན་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད་༽ནང་ཞུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན།
བཞི་ནས། ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱིས་འཛམ་གླིང་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོང་བྱ་རྒྱུ་ཡིན། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས། རྒྱལ་ཁབ་ཉི་ཤུའི་ཚོགས་པ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས། ཧྲང་ཧའེ་མཉམ་ལས་སྒྲིག་འཛུགས་སོགས་སྒྲིག་སྲོལ་མཉམ་ལས་ནང་ཧུར་ཐག་ཞུགས་རྒྱུ་དང་། ཉོ་ཚོང་དང་། མ་འཇོགགྲངས་འཛིན་དཔལ་འབྱོར། གནོད་མེད་ཐཱན་ཉུང་སོགས་ཁྱབ་ཁོངས་ཀྱི་གྲོས་དོན་ལ་གྲོས་བསྡུར་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ། རིམས་འགོག་སྨན་ཁབ་སོགས་འགག་རྩའི་སྨན་བཅོས་དངོས་རྫས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་བགོ་བཤའ་དྲང་གཞག་ངང་རྒྱག་པར་རྒྱབ་སྐྱོར་བྱེད་པ། སྤུས་མཐོའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་འཛམ་གླིང་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་དང་ནུས་ཁུངས་བདེ་འཇགས་ལ་སྲུང་སྐྱོང་བྱེད་པའི་ནང་ཧུར་ཐག་ཞུགས་རྒྱུ་དང་། གོང་འཕེལ་འགྲོ་བཞིན་བཞིན་པའི་རྒྱལ་ཁབ་དབར་གྱི་མཉམ་ལས་ཀྱི་སྒྲོམ་གཞིའི་ནང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་མུ་མཐུད་རོགས་སྐྱོར་སྔར་ལས་མང་བ་བྱ་རྒྱུ་བཅས་ཡིན་ཞེས་ནན་གསུངས་གནང་ཡོད།
མཇུག་ཏུ་ཞི་ཅིན་ཕིང་གིས། ཏོག་གསར་གློ་ཚད་གྱི་ནད་ཡམས་ད་དུང་ཡལ་མེད་པ་དང་། འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་ཡོང་བའི་ལམ་བུ་ཀྱག་ཀྱོག་ཡིན་པས། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་དཀའ་ངལ་མཉམ་སེལ་དང་དུས་ངལ་མཉམ་སེལ་བྱེད་དགོས། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་སྒོ་དབྱེའི་རྣམ་པའི་འཛམ་གླིང་དཔལ་འབྱོར་མཉམ་མཛུགས་བྱེད་པ་བརྒྱུད། སྒོ་དབྱེའི་དཔྱིད་རླུང་གིས་འཛམ་གླིང་ལ་དྲོ་སྐྱིད་སྦྱིན་འདོད་ཡོད་ཅེས་ནན་གསུངས་གནང་ཡོད། །