སྤྱི་ཟླ ༢ པའི་ཚེས ༢༢ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱིན་ཇིའི་རྒྱལ་མོ་དབྱི་ལི་ཧྲ་པེ་སྐུ་ཐོག་གཉིས་པར་གློག་འཕྲིན་བཏང་སྟེ་རྒྱལ་མོར་ཏོག་གསར་ནད་དུག་འགོས་པའི་ཐད་འཚམས་འདྲི་གནང་བ་དང་འབྲེལ་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུས་གནང་བ་རེད།
ཞི་ཅིན་ཕིང་གིས། ང་རང་ནས་ཀྲུང་དབྱིན་འབྲེལ་བ་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་པོ་བྱེད་ཀྱི་ཡོད་ལ། དབྱིན་ཇི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས། ད་ལོ་རྒྱལ་ཁབ་གཉིས་པོའི་བར་གཞུང་ཚབ་ཆེན་མོ་རིམ་པའི་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ ༥༠ འཁོར་བ་དེ་གོ་སྐབས་སུ་བྱས་ཏེ། ཕྱོགས་གཉིས་པོའི་འབྲེལ་བར་གྲུབ་འབྲས་གསར་པ་ཐོབ་པ་བྱེད་འདོད་ཡོད་ཅེས་གསུངས་ཡོད་པ་རེད།།