རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ ༢ པའི་ཚེས ༡༤ ཉིན་མོ་ཞི་ཁོ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའོ་ཕེ་སི་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་ནས་རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་ ༥༠ འཁོར་བར་བཀྲ་ཤིས་བདེ་ལེགས་ཞུས་ཡོད་པ་རེད།
ཞི་ཅིན་ཕིང་གིས། ཀྲུང་གོ་དང་མོ་ཞི་ཁོ་ནི་ཡུན་རིང་བའི་ཤེས་དཔལ་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་མཛའ་འབྲེལ་སྤེས་རེས་ཀྱི་ལོ་རྒྱུས་ཡུན་རིང་པོ་ཡོད། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀ་འདས་པའི་ནང་དང་། ལྷག་པར་དུ་སྤྱི་ལོ ༢༠༡༣ ལོར་རྒྱལ་ཁབ་གཉིས་པོའི་བར་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་བཙུགས་ཚུན། ཕྱོགས་གཉིས་པོའི་འབྲེལ་བ་གོང་འཕེལ་མགྱོགས་པོ་འགྲོ་བའི་དུས་རིམ་ལ་སླེབས་ཡོད། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཡིད་ཆེས་ཉིན་བཞིན་ཟབ་ཏུ་འགྲོ་བ་དང་། ཁྱབ་ཁོངས་ཁག་གི་མཛའ་གྲོགས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་ཐེབས་ཡོད། དུས་རབས་ཀྱི་ནད་ཡམས་མདུན་དུ། ཀྲུང་གོ་དང་མོ་ཞི་ཁོས་ཕྱར་བ་གྲུ་འདེགས་དང་སོ་སྲུང་རོགས་རེས་བྱས་ཤིང་། རྒྱལ་སྤྱིའི་མཐུན་སྒྲིལ་རིམས་འགོག་གི་མིག་དཔེ་བཏོད་ཡོད། ཀྲུང་གོ་དང་མོ་ཞི་ཁོའི་མཛའ་གྲོགས་ཀྱི་ལྗོན་ཤིང་ལ་ལོ་འདབ་རྒྱས་ཤིང་འབྲས་བུ་གཡུར་དུ་ཟ་བ་སྨིན་ཡོད་པས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཁེ་སྐྲུན་ཡོད་ཅེས་བསྟན་འདུག
ཞི་ཅིན་ཕིང་གིས། ཀྲུང་གོ་དང་མོ་ཞི་ཁོའི་འབྲེལ་བའི་གོང་འཕེལ་ལ་ངས་མཐོང་ཆེན་པོ་བྱེད་ཀྱི་ཡོད་ལ། ཙུང་ཐུང་ལུའོ་ཕེ་སི་དང་ལྷན་དུ། རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་ ༥༠ འཁོར་བ་དེ་གོ་སྐབས་ཤིག་ལ་བརྩིས་ཐོག ལག་གདང་དཔུང་སྦྲེལ་གྱིས་མ་འོངས་པའི་ཕྱོགས་སུ་བསྐྱོད་པ་དང་། སྲོལ་རྒྱུན་མཛའ་བཤེས་ཟབ་གཏོང་དང་། གཉིས་ཕན་མཉམ་ལས་ཟབ་གཏོང་། ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་མོའི་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བའི་ནང་དོན་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་མི་དམངས་རྣམས་དུས་ནམ་ཡང་ཡིད་རྟོན་རུང་བའི་གྲོགས་པོ་དང་། དར་རྒྱས་མཉམ་སྤྱོད་ཀྱི་རོགས་པ་ཡག་པོར་འགྱུར་བ་བྱེད་འདོད་ཡོད་ཅེས་གསུངས་འདུག
ལུའོ་ཕེ་སི་ཡིས། ལོ་ངོ་ ༥༠ ཡི་ནང་། མོ་ཞི་ཁོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་བར་རྡོ་རྗེ་བྲག་ལྟར་བརྟན་པའི་མཛའ་བཤེས་ཆགས་ཡོད་པ་དང་། ཆབ་སྲིད་དང་། དཔལ་འབྱོར། སློབ་གསོ་སོགས་ཁྱབ་ཁོངས་ཁག་ནང་སྤེལ་རེས་དང་མཉམ་ལས་རྒྱ་ཁྱབ་བྱས་ཡོད་ཅིང་། དེ་རྒྱལ་ཁབ་གཉིས་པོས་མཐུན་སྒྲིལ་ཐོག་ཏོག་གསར་རིམས་ནད་འགོག་པའི་བརྒྱུད་རིམ་ནང་དུའང་མངོན་ཡོད། རིམས་ནད་འགོག་བཅོས་བྱེད་པའི་བརྒྱུད་རིམ་ནང་ཀྲུང་གོས་སོ་སྲུང་རོགས་རེས་གནང་བར་མོ་ཞི་ཁོས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། བཀའ་དྲིན་དེ་ནམ་ཡང་བརྗེད་མི་སྲིད། མིག་སྔར་མོ་ཀྲུང་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བ་དེ་དུས་བསྟུན་ཡར་རྒྱས་འགྲོ་བ་དང་། ཉིན་བཞིན་སྲ་བརྟན་དུ་འགྲོ་བཞིན་ཡོད་ཅིང་། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཟམ་མི་ཆད་པར་ཕན་བདེ་སྐྲུན་བཞིན་ཡོད། ཕྱོགས་གཉིས་པོས་ས་ཁུལ་དང་ཕྱོགས་མང་ཐད་ལག་གདང་སྦྲེལ་ནས་འགྲན་རྩོད་ལ་ཁ་གཏད་གཅོག་བཞིན་ཡོད། ང་ཚོས་ཡིད་ཆེས་བརྟན་པོ་བྱེད་པ་ནི་མོ་ཀྲུང་འབྲེལ་བ་རྒྱང་སྐྱོད་བརྟན་བགྲོད་ཐུབ་རྒྱུ་དང་། གསོན་ཤུགས་གསར་པ་རྒྱས་ངེས་ཡིན་པ་དེ་རེད་ཅེས་གསུངས་འདུག།