སྤྱི་ཟླ ༢ པའི་ཚེས ༡༧ ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་སི་རི་ལན་ཁའི་སྲིད་ཏང་གིས་ཀྲུང་གོ་དང་སི་རི་ལན་ཁའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་ ༦༥ འཁོར་བ་དང་༼འབྲས་འགྱིག་ཆོད་ཡིག༽ལ་མིང་རྟགས་བཀོད་ནས་ལོ་ངོ་ ༧༠ འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ་རེད།
ཞི་ཅིན་ཕིང་གིས། ལོ་ངོ་ ༧༠ ཡི་གོང་། ཀྲུང་གོ་དང་སི་རི་ལན་ཁས་འགོག་རྐྱེན་སྣ་ཚོགས་སེལ་ནས་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་༼འབྲས་འགྱིག་ཆོད་ཡིག༽ལ་མིང་རྟགས་བཀོད་དེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འགྲོ་འོང་གི་སྒོ་མོ་ཕྱེ་ཡོད། ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་ ༦༥ སོང་རིང་། རྒྱལ་ཁབ་གཉིས་པོས་སྔ་བར་ཕྱི་གསུམ་དུ་ཕན་ཚུན་བརྩི་འཇོག་དང་མཐུན་སྒྲིལ་རོགས་རེས་བྱས་ནས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱས་པས་ཀྲུང་སིའི་འབྲེལ་བ་དེ་རྒྱལ་ཁབ་ཆེ་ཆུང་མཛའ་གྲོགས་མཉམ་གནས་དང་གཉིས་ཕན་མཉམ་ལས་ཀྱི་མིག་དཔེར་གྱུར་ཡོད། ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རྗེས་ཀྲུང་སི་རྒྱལ་ཁབ་གཉིས་པོས་ཕྱར་བ་གྲུ་འདེགས་དང་སོ་སྲུང་རོགས་རེས་བྱས་པས་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ཡོད་ཅེས་བསྟན་གནང་བ་དང་།
ཞི་ཅིན་ཕིང་གིས། ཀྲུང་གོ་གུང་ཁྲན་ཏང་གིས་སི་རི་ལན་ཁའི་སྲིད་ཏང་གཙོ་བོ་དང་མཛའ་གྲོགས་འགྲོ་འོང་རྒྱུན་འཁྱོངས་དང་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་གལ་ཆེའི་ནུས་པ་འདོན་སྤེལ་བྱས་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་སི་རི་ལན་ཁའི་སྲིད་ཏང་ཁག་དང་མཉམ་དུ་འབད་བརྩོན་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་ ༦༥ འཁོར་བ་དེ་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ནས། ཀྲུང་སིའི་སྲོལ་རྒྱུན་མཛའ་གྲོགས་དར་སྤེལ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ཐོག ཀྲུང་སིའི་འབྲེལ་བ་བརྟན་པོའི་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་གོང་འཕེལ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད། །