རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ ༢ པའི་ཚེས ༡༦ ཉིན་ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་ཡོད་པ་རེད།
མ་ཁེ་ལུང་གིས་ཞི་ཅིན་ཕིང་དང་ཀྲུང་གོའི་མི་དམངས་ལ་སྟག་ལོའི་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་ཞུས་གནང་བ་མ་ཟད་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོ་ངོ་མཚར་ཆེན་པོའི་ཐོག་ནས་ལེགས་འགྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་། ཁོང་གིས། ཀྲུང་གོས་མིག་སྔའི་གནས་བབ་འོག་དུས་བཀག་ལྟར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བ་དེ་ནི་ལས་སླ་པོ་ཞིག་གཏན་ནས་མིན། ཧྥ་རན་སིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ལེགས་འགྲུབ་ཡོང་རྒྱུར་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱེད་བཞིན་ཡོད་ལ་མུ་མཐུད་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།
ཞི་ཅིན་ཕིང་གིས་མ་ཁེ་ལུང་དང་ཧྥ་རན་སིའི་མི་དམངས་ལ་དཔྱིད་གསར་གྱི་སྨོན་འདུན་ཞུས་གནང་བ་དང་། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དུས་བཀག་ལྟར་གཉེར་ཐུབ་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སེམས་པ་ཞི་བདེ་དང་། མཐུན་སྒྲིལ། ཡར་ཐོན་བཅས་ལ་ཕྱོགས་པ་མཚོན་ཡོད། ཧྥ་རན་སིའི་ལུས་རྩལ་པར་གྲུབ་འབྲས་བཟང་པོ་ཐོབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད།
ཞི་ཅིན་ཕིང་གིས། སྤྱི་ལོ ༢༠༢༡ ལོར་ང་རྣམ་གཉིས་བར་ཞལ་པར་ཐེངས་གཉིས་ཞུས་པ་དང་ཀྲུང་གོ་དང་ཧྥ་རན་སིའི་འགོ་ཁྲིད་མི་སྣའི་བརྙན་མཐོང་དབུ་ཚོགས་སུ་ཐེངས་གཉིས་ཞུགས་ཏེ་ཕྱོགས་གཉིས་འབྲེལ་བ་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།ང་ཚོའི་འབད་བརྩོན་ལ་གཡུར་ཟའི་གྲུབ་འབྲས་ཀྱང་ཐོབ་ཡོད།ན་ནིང་ཕྱོགས་གཉིས་པོའི་བར་ཉོ་ཚོང་བྱས་པའི་དངུལ་འབོར་ཨ་སྒོར་དུང་ཕྱུར ༨༠༠ ལས་བརྒལ་བ་དང་།ཀྲུང་གོས་ཧྥ་རན་སི་ནས་ནང་འདྲེན་བྱས་པའི་ཞིང་ཞོར་ཐོན་རྫས་ཀྱི་སྤྱི་འབོར་ཀྱང་དུས་མཚུངས་ལས་བརྒྱ་ཆ ༤༠ འཕར་ཡོད།སྐབས་དང་པོའི་མི་ཐབས་རིག་ནུས་ཀྱི་ཞིབ་བསྡུར་ཚོགས་འདུ་དང་ཞིང་ལས་ཚན་རྩལ་མཉམ་ལས་ཞིབ་བསྡུར་ཚོགས་འདུ་སྔ་རྗེས་སུ་གཉེར་བ་དང་།མཉམ་འབྲེལ་ཚོད་ལྟ་ཁང་གི་རྣམ་གྲངས་བསྡུ་རུབ་བྱེད་པའི་ཕྱོགས་སྟོན་དང་པོ་དུས་བཀག་ལྟར་ཡོངས་བསྒྲགས་བྱས་པ་སོགས་ཚང་མར་སྲོལ་གཏོད་ཀྱི་དོན་སྙིང་ཆེན་པོ་ལྡན་ཡོད།ལོ་གསར་པའི་ནང་།ཀྲུང་གོ་དང་ཧྥ་རན་སི་གཉིས་པོས་ཧུར་བརྩོན་དང་། སྐྱོན་བྲལ།ཡར་ཐོན་བཅས་ཀྱི་སྤྱིའི་རྩ་དོན་རྒྱུན་འཁྱོངས་དང་། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་བལྟ་སྟངས་འཛིན་པའི་རྩ་དོན་གཞིར་བཟུང་རིམ་པ་ཁག་གི་སྤེལ་རེས་ལ་ཤུགས་སྣོན་དང་ཕན་ཚུན་བར་ཤེས་རྟོགས་དང་ཡིད་ཆེས་བྱེད་ཤུགས་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་ཧྥ་རན་སིའི་མཉམ་ལས་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས།ད་ལོ་ཧྥ་རན་སིས་ཡོ་རོབ་མནའ་འབྲེལ་གྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་ཚུན།ཡོ་རོབ་མནའ་འབྲེལ་གྱི་མཐུན་སྒྲིལ་ཆེ་རུ་གཏོང་བ་དང་ཡོ་རོབ་ཀྱི་འཐབ་ཇུས་རང་བརྟེན་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་ལས་དོན་མང་པོ་བསྒྲུབས་ཡོད།ངོས་ནས་ཀྱང་ཀྲུང་གོ་དང་ཡོ་རོབ་ཀྱིས་ཕན་ཚུན་བར་ཡང་དག་ངོས་འཛིན་རྒྱུན་འཁྱོངས་དང་།ཕན་ཚུན་བར་བརྩི་འཇོག་དང་། གླེང་མོལ་མཉམ་ལས། གཉིས་ཕན་མཉམ་རྒྱལ་བཅས་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་ཐེངས་མང་བརྗོད་མྱོང་ཡོད།ཀྲུང་གོ་དང་ཡོ་རོབ་ཀྱིས་མཉམ་དུ་འབད་བརྩོན་བྱས་ཏེ་སྤྱི་ཆིངས་གྲངས་ཀ་ཆེ་ཤོས་གཅིག་སྡུད་ཀྱིས་ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བར་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།ཀྲུང་གོས་ཧྥ་རན་སི་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་ཀྱི་འགོ་ཁྲིད་མི་སྣའི་གྲོས་མོལ་ལེགས་གྲུབ་ལྡན་པའི་ངང་གཉེར་རྒྱུར་སྐུལ་འདེད་གཏོང་བ་དང་།རེས་འཁོར་གསར་པའི་འཐབ་ཇུས་དང་། དཔལ་འབྱོར་ཉོ་ཚོང་། སྦགས་མེད།གྲངས་འཛིན།མི་ཆོས་རིག་གནས་བཅས་ཀྱི་མཐོ་རིམ་གླེང་མོལ་མཉམ་གཉེར་ཡག་པོ་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་མ་འཇོག་གྲོས་ཆོད་ལ་ཆོག་མཆན་ཐོབ་ནས་ནུས་པ་ཐོན་རྒྱུར་སྐུལ་འདེད་བཏང་ཐོག་ཕྱོགས་གཉིས་པོའི་མི་དམངས་ལ་ཕན་བདེ་སྐྲུན་འདོད་ཡོད་ཅེས་བསྟན་གནང་ཡོད།
མ་ཁེ་ལུང་གིས།མིག་སྔའི་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད།དེ་ལྟའི་རྒྱབ་ལྗོངས་འོགཧྥ་རན་སིས་ཀྲུང་གོའི་བར་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་འདོད་ཡོད་ཆེན་པོ་ཡོད།ཧྥ་རན་སིས་ཉེ་བའི་ལོའི་རིང་ཧྥ་རན་སི་དང་ཀྲུང་གོས་ལག་རྩལ་དང་། ཞིང་ལས། མཁའ་འགྲུལ། ཉིང་ནུས་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱས་པར་གྲུབ་འབྲས་ཆེན་པོ་ཐོབ་པའི་ཐད་བློ་ཡིད་འཚིམ་པོ་བྱེད་ཀྱི་ཡོད། ཀྲུང་གོ་དང་མཉམ་དུ་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ཏེ། མི་སྣའི་འགྲོ་འོང་ལ་ཤུགས་སྣོན་དང་།མཛའ་གྲོགས་དང་ཡིད་ཆེས་ཟབ་གཏོང་། གཉིས་ཕན་མཉམ་ལས་ཟབ་གཏོང་བཅས་བྱ་འདོད་ཡོད། ད་ལོའི་ལོ་སྟོད་ཀྱི་ཡོ་རོབ་མནའ་འབྲེལ་གྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ངོས་ནས། ཧྥ་རན་སིས་ཡོ་རོབ་མནའ་འབྲེལ་དང་ཀྲུང་གོའི་བར་གྱི་གྲོས་རིམ་གལ་ཆེན་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དང་། ཀྲུང་གོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཡོ་རོབ་དང་ཀྲུང་གོའི་འགོ་ཁྲིད་མི་སྣའི་གྲོས་མོལ་ལེགས་གྲུབ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་།ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་མདུན་ཕྱོགས་སུ་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།ཡོ་རོབ་དང་ཀྲུང་གོའི་བར་གྱི་མ་འཇོག་གྲོས་ཆོད་ལ་གང་མགྱོགས་ཆོག་མཆན་ཐོབ་ནས་ནུས་པ་ཐོན་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་བར་དུས་མཚམས་རྗེས་མའི་ཕྱོགས་གཉིས་མཉམ་ལས་ཐད་ངོས་འཛིན་གཅིག་མཐུན་མང་པོ་བྱུང་བ་སྟེ།
དང་པོ།ཞིང་ལས་ཚན་རྩལ་དང་ས་གནས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་ལས་མཉམ་ལས་གང་མགྱོགས་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ།ཀྲུང་གོས་ཀྲུང་གོའི་རེ་བ་དང་མཐུན་པའི་ཧྥ་རན་སིའི་ཞིང་ལས་ཐོན་རྫས་ཀྱི་ཁེ་ལས་དེ་བས་མང་བ་ཀྲུང་གོར་ཐོ་འགོད་བྱ་རྒྱུར་དགའ་བསུ་ཞུ་རྒྱུ།
གཉིས་པ།ཀྲུང་གོ་དང་ཧྥ་རན་སིས་སྦགས་མེད་བཟོ་སྐྲུན་མཉམ་ལས་རོགས་ཟླའི་གྲོས་འགོ་གཏིང་ཟབ་ཏུ་བཏང་ནས། ཕ་རོལ་གྱི་ཁེ་ལས་ལ་རང་རྒྱལ་ཁབ་ཏུ་གཞུང་དྲང་དང་དྲང་བདེན། མཐོང་ཆུང་མེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུ།
གསུམ་པ།ཧྥ་རན་སིའི་དངུལ་ཁང་དང་དངུལ་རྩའི་རྨང་གཞིའི་སྒྲིག་བཀོད་དེ་བས་མང་བས་མི་དམངས་ཤོག་སྒོར་གྱི་མངའ་ཁོངས་བརྒལ་བའི་གཏོང་སྤྲོད་མ་ལག་སྦྲེལ་མཐུད་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ།ཀྲུང་གོས་འབྲེལ་ཡོད་གོ་རིམ་དང་ཚད་གཞི་ལྟར་ཧྥ་རན་སིའི་དངུལ་ཁང་གི་འབྲེལ་ཡོད་དངུལ་རྩའི་ཐོབ་ཐང་རེ་ཞུར་ཞིབ་མཆན་ཧུར་ཐག་འགོད་རྒྱུ།
བཞི་པ། རྒྱལ་ཁབ་གཉིས་པོའི་མཁའ་འགྲུལ་ཁེ་ལས་ཀྱིས་སྣ་མང་བྱ་ཐབས་ཐོག་ནས་མཉམ་ལས་གཏིང་ཟབ་བྱས་ཏེ་གནམ་གྲུར་ཕན་ཚུན་ཉེན་མེད་གོ་ཆོད་ཡིན་པའི་དཔང་ཡིག་སྤྲོད་རྒྱུར་སྐུལ་འདེད་གཏོང་རྒྱུ།
ལྔ་པ།ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་ཀྱི་ཁག་བཞི་པའི་དཔེ་སྟོན་རྣམ་གྲངས་རྩིས་ཐོ་གང་མགྱོགས་དོན་འཁྱོལ་བྱ་རྒྱུ།
དྲུག་པ།ཀྲུང་གོ་དང་ཧྥ་རན་སིའི་འཐབ་ཇུས་སྤེལ་རེས་བར་ཁམས་ཀྱི་ཚོགས་ཆུང་ཁག་བགོས་གྲོས་ཚོགས་དང་དྲ་བའི་ཚོགས་ཆུང་ཁག་བགོས་གྲོས་ཚོགས་གང་མགྱོགས་སྐོང་འཚོག་བྱས་ནས། གླིང་སྣེ་དང་རྒྱ་མཚོའི་གླེང་མོལ་བྱ་རྒྱུ་དང་།དམག་གཉིས་པོའི་བར་གྱི་མཐོ་རིམ་སྤེལ་རེས་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་རེད།
གཞན་ད་དུང་། མ་ཁེ་ལུང་གིས་མིག་སྔའི་ཨུ་ཁེ་ལན་གྱི་གནས་བབ་ཐད་འཛིན་པའི་ལྟ་སྟངས་ངོ་སྤྲོད་གནང་ཡོད།ཞི་ཅིན་ཕིང་གིས།འབྲེལ་ཡོད་ཕྱོགས་ཁག་གིས་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པའི་ཡང་དག་ཁ་ཕྱོགས་ཆེན་མོ་རྒྱུན་འཁྱོངས་དང་ནོ་མན་ཏིའི་སྒྲིག་གཞི་ཚུད་པའི་ཕྱོགས་མང་སྟེགས་བུ་སྤྱད་དེ་གླེང་མོལ་གྲོས་མོལ་ཐོག་ནས་ཨུ་ཁེ་ལན་གྱི་གནད་དོན་སྒོ་ཀུན་ནས་ཐག་གཅོད་ཡོང་རེ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཕྱོགས་གཉིས་པོས་ད་དུང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་གཞན་དག་ཐད་དགོངས་འཆར་བརྗེ་རེས་གནང་ཡོད་པ་རེད། །