ཞི་ཅིན་ཕིང་གིས་ཀྲུང་གོའི་གངས་འཁྱགས་ལུས་རྩལ་པར་འཕྲིན་ལན་སྤྲིངས་གནང་ནས།
སྤྱི་ཟླ ༢ པའི་ཚེས ༢༤ ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཡ་པང་གངས་ཤུད་ལུས་རྩལ་པ་སུའུ་དབྱི་མིང་ལ་འཕྲིན་ལན་སྤྲིངས་གནང་ནས་སུའུ་དབྱི་མིང་དང་ཀྲུང་གོའི་གངས་འཁྱགས་ལུས་རྩལ་པར་ཕུལ་བྱུང་གི་གྲུབ་འབྲས་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་མ་ཟད་ཐུགས་རེ་ཆེན་པོ་གནང་ཡོད་པ་རེད།
ཞི་ཅིན་ཕིང་གི་འཕྲིན་ལན་ནང་། རང་དང་ཀྲུང་གོའི་གངས་འཁྱགས་ལུས་རྩལ་པ་ཚོས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་དཔའ་ངར་ཆེར་བསྐྱེད་དང་རང་ངོས་ལས་འགག་སྒྲོལ་གྱིས་ཕུལ་བྱུང་གི་གྲུབ་འབྲས་བླངས་ཡོད་པས་ང་རང་ནས་ཁྱེད་ཚོར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་མ་ཟད་ཁྱེད་རང་ཚོར་བསྔགས་བརྗོད་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
ཞི་ཅིན་ཕིང་གིས། རང་གིས་འཕྲིན་ཡིག་ནང་།རླབས་ཆེའི་རྒྱལ་ཁབ་ཅིག་ཏུ་་སྐྱེས་པ་དང་དུས་རབས་བཟང་ཤོས་ཤིག་ཏུ་འཚར་ལོངས་བྱུང་ཞིང་། འབད་འབུངས་བྱས་པ་བརྒྱུད་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་བྱུང་བ་བསོད་བདེ་ཆེན་པོ་ཡིན་སྙམ་གྱི་འདུག་ཅེས་བརྗོད་འདུག དུས་རབས་གསར་པ་ནི་ཕུགས་འདུན་དོན་གཉེར་བྱེད་པའི་དུས་རབས་ཤིག་རེད་ལ། རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་ཕུགས་འདུན་བསྒྲུབ་པའི་དུས་རབས་ཤིག་ཀྱང་རེད།ཁྱེད་རང་ཚོས་མེས་རྒྱལ་ལ་དགའ་ཞེན་དང་གཏན་གྱི་འདུན་པ་སེམས་ལ་འཆང་བ།ཏན་ཏན་ཏིག་ཏིག་སྒོ་ནས་འབད་འཐབ་བྱེད་པའི་ཁྲོད་ངོ་མཚར་ཆེ་བའི་མི་ཚེ་བཏོད་ནས་མེས་རྒྱལ་དང་མི་དམངས་ཀྱི་ཆེད་དུ་ལང་འཚོ་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་འཁོད་ཡོད་པ་རེད།
ཉེ་ཆར། སུའུ་དབྱི་མིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་སློབ་སེམས་ལ་བརྟན་པོར་ངེས་ནས་སྙིང་རུས་ཆེར་སྐྱེད་ཀྱིས་སྦྱོང་བརྡར་དང་རང་ངོས་ལས་འགག་སྒྲོལ། ཕུགས་བསམ་མངོན་འགྱུར་བཅས་བྱེད་པའི་འབད་འཐབ་བརྒྱུད་རིམ་སྙན་སེང་ཞུས་པ་དང་མུ་མཐུད་འབད་བརྩོན་དང་བདེ་ཐང་ངང་འཚར་ལོངས་ཡོང་བ་བྱས་ནས་མེས་རྒྱལ་ལ་དྲིན་ལན་འཇལ་བའི་ཆོས་སེམས་བརྟན་པོ་མཚོན་པ་བྱས་ཡོད་པ་རེད།