རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ ༧ པའི་ཚེས ༤ ཉིན། གོ་ལ་ཧྲིལ་པོའི་གོང་འཕེལ་ཏེ་ཐུན་མོང་གི་འགན་འཁྲི་དང་བྱ་སྤྱོད་ཀྱི་རིན་ཐང་ཞེས་པའི་རིག་མཛོད་སྨྱན་སྦྱོར་གྱི་མཐོ་རིམ་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་དང་དུས་རབས་ཀྱི་རིམས་ནད་མཉམ་དུ་ཐོན་ཡོད་པས། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་བྱ་རྒྱུ་ཞན་ལ་ནུས་ཤུགས་འདང་གི་མེད་པ་དང་། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་གོང་འཕེལ་ཧེ་བག་སྔར་བས་ཆེ་རུ་ཕྱིན་ནས་འཛམ་གླིང་འདི་ཉིད་ཟིང་ཆ་ཆེ་ལ་འགྱུར་བ་མང་བའི་དུས་རིམ་གསར་པ་ཞིག་ལ་སླེབས་ཡོད་ཅིང་། གོ་ལ་ཧྲིལ་པོའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དེ་མིའི་རིགས་ཀྱི་མདུན་དུ་འཕྲད་པའི་བརྗོད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད། དེར་བརྟེན། ཀྲུང་གོས་གོ་ལ་ཧྲིལ་པོའི་གོང་འཕེལ་གྲོས་འགོ་ཞེས་པ་བཏོན་ཞིང་། ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཀུན་ཕན་ཁོང་ཡངས་དང་གསར་གཏོད་ལ་བརྟེན་ནས་སྒུལ་ཤུགས་འཕེལ་བ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བ་བཅས་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་གཏོང་རྒྱུ་དེ་རྒྱལ་སྤྱིའི་སྔོན་འགྲོའི་གྲོས་རིམ་ཐོག་འཇོག་རྒྱུར་སྐུལ་འདེད་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ ༢༠༣༠ ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་དོན་འཁྱོལ་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། སྔར་བས་ཤུགས་ལྡན་དང་གནོད་མེད། སྐྱོན་བྲལ་བཅས་ཀྱི་གོ་ལ་ཧྲིལ་པོ་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།
གོ་ལ་ཧྲིལ་པོའི་གོང་འཕེལ་ཏེ་ཐུན་མོང་གི་འགན་འཁྲི་དང་བྱ་སྤྱོད་ཀྱི་རིན་ཐང་ཞེས་པའི་རིག་མཛད་སྨྱན་སྦྱོར་གྱི་མཐོ་རིམ་གླེང་སྟེགས་དེ་ཉིན་དེ་རང་ལ་པེ་ཅིང་དུ་གཉེར་བ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་གཙོ་གཉེར་བྱས་ཤིང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གོང་འཕེལ་ཞིབ་འཇུག་ལྟེ་གནས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བཅས་ཀྱིས་མཉམ་དུ་སྒྲུབ་འགན་འཁུར་ཡོད་པ་རེད།།