གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཤིན་ཅང་དུ་གནང་བའི་གསུང་བཤད་ལ་ལན་ཆ་ཆེན་པོ་བྱུང་བ།

སྤེལ་དུས་: 2022ལོ་07ཟླ་18ཚེས་ 16:54 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཉེ་ཆར་ཤིན་ཅང་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་ཤིང་འཚམས་འདྲི་གནང་བ། ཤིན་ཅང་གིས་བརྟན་ལྷིང་དང་། གོང་འཕེལ། སྒྱུར་བཅོས་སོགས་ཕྱོགས་ཁག་གི་ལས་དོན་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་རྒྱུའི་ཐད་ཁ་ཕྱོགས་གསལ་སྟོན་གནང་ཡོད།

ཤིན་ཅང་གི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཐོག དུས་རབས་གསར་པའི་ཏང་གི་ཤིན་ཅང་སྐྱོང་བའི་ཇུས་གཞི་ཆེན་མོ་ཆ་ཚང་ལ་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་སེམས་ནུས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བཅས་བྱས་ནས་མེས་རྒྱལ་གྱི་ཤིན་ཅང་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་རྒྱུའི་རྣམ་པ་བསྟན་ཡོད་པ་རེད།

ཤིན་ཅང་སློབ་ཆེན་དུ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲྭའི་ལོ་རྒྱུས་འཕེལ་རིམ་དང་འཛུགས་སྐྲུན། ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་ཚུལ། མི་རིགས་འགྲོ་འོང་ལ་སྐུལ་འདེད་གཏོང་ཚུལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་སློབ་གྲྭའི་འབྱུང་འགྱུར་གོང་འཕེལ་ཆེད་ཐུགས་རེ་ནན་པོ་བཏོན་གནང་ཡོད། དེས་རྒྱ་ཆེའི་དགེ་སློབ་རྣམས་ལ་སྐུལ་མ་ཆེན་པོ་ཐེབས་ཡོད། ཤིན་ཅང་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་མོང་ནན་གྱིས། ཤིན་ཅང་ས་ཁུལ་གྱི་ལོ་རྒྱུས་གོང་འཕེལ་བརྒྱུད་རིམ་ནི་རང་རེའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་གོང་འཕེལ་གྱི་བསྡུས་རིས་ཤིག་རེད། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་དགོས་ཞེས་གསུངས་བྱུང་བས། དེའི་ཐད་ང་ཚོས་འགྲེལ་བཤད་དེ་བས་གཏིང་ཟབ་པ་རྒྱག་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅིས་སློབ་གྲོགས་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དང་ཀྲུང་ཧྭ་མི་རིགས་ཀྱི་ཆེད་དུ་འབད་འཐབ་ལྷོད་མེད་བྱེད་པའི་གཞོན་ནུའི་མི་རབས་ཤིག་བྱ་དགོས་པའི་ཐུགས་རེ་གནང་ཡོད་པས། གཞོན་ནུ་སློབ་མའི་འབད་འཐབ་ཀྱི་སྤྲོ་སེམས་སྔར་བས་ཆེ་བ་འཕེལ་ཡོད། ཤིན་ཅང་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་སློབ་མ་ཀུའུ་ཀྲ་ནུའར་·ཡུས་སུའུ་ཕུའུ་ཡིས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་བློ་ལ་བརྟན་པོར་ངེས་ནས་ང་རང་གི་ཆེད་ལས་སློབ་ཚན་གྱི་ཤེས་བྱ་སློབ་སྦྱོང་ཡག་པོ་བྱས་ཏེ་དེ་དག་བྱང་ཆུབ་པའི་ངང་ཁོང་དུ་ཆུད་པ་བྱ་རྒྱུ་དང་། མུ་མཐུད་ང་རང་གི་བརྟག་དཔྱད་ཞིབ་འཇུག་གི་ལས་ཀར་ཤུགས་སྣོན་བརྒྱབ་སྟེ། ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཆེད་རང་ཉིད་ཀྱི་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

ཤིན་ཅང་འདི་ཉིད་ཨ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོའི་དབུས་ཁུལ་དུ་གནས་པ་དང་། དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་སྐྲུན་པའི་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་གནས་བབ་དང་ནུས་པ་ལྡན་ཡོད། ཨུ་ལུམ་ཆི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ཁུལ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་ཀྱི་ལྟེ་བའི་ཁུལ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་གནང་ཡོད། ཤིན་ཅང་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་༼ཚོགས་པ༽ཚད་ཡོད་འགན་འཁྲི་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི། ལས་འཛིན་ལྷན་ཚོགས་ཀྱི་འགོ་འཛིན་མཱ་ཁྲུན་ལེ་ཡིས། རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱ་རྒྱུའི་གྲོས་འགོར་སྐུལ་འདེད་གཏིང་ཟབ་ཐེབས་པ་དང་བསྟུན་ནས་ཤིན་ཅང་འདི་ཉིད་ཐག་རིང་ལུང་ཁུག་མ་ཡིན་པར་ལྟེ་བའི་ཁུལ་དང་འགྲོ་འོང་བར་བརྒལ་ཁུལ་ཞིག་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིས་ད་ཐེངས་རྟོག་ཞིབ་གནང་བ་དེ་འགོ་འཛུགས་ས་གསར་པ་ཞིག་ཏུ་བརྩིས་ནས་ལྟེ་བའི་ཁུལ་གྱི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་སྐམ་སའི་གྲུ་ཁ་འཛུགས་སྐྲུན་ཡག་པོ་བྱ་རྒྱུ་ཡིན་ཞེས་གསུངས་འདུག

ཨུ་ལུམ་ཆི་གྲོང་ཁྱེར་ཐེན་ཧྲན་ཁུལ་ཀུའུ་ཡོན་ཤང་སྡེ་ཁུལ་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡུ་གུར་རིགས་ཀྱི་གྲོང་མི་ཨ་པུའུ་ལའེ་ཐི·ཐུའར་ཤུན་གྱི་ཁྱིམ་དུ་ཕེབས་ནས་ཁོང་ཚོའི་ནང་མི་རྣམས་དང་ལྷན་དུ་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་སྐོར་གླེང་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིས། མི་རིགས་མཐུན་སྒྲིལ་བྱ་རྒྱུ་ནི་རང་རྒྱལ་གྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཡིན་པ་དང་ཤིན་ཅང་གི་མི་རིགས་ཁག་ཚང་མ་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེ་མོའི་ཁ་འབྲལ་ཐབས་མེད་པའི་ཁོངས་མི་ཡིན་ཞེས་གསུངས་གནང་ཡོད། ཨ་པུའུ་ལའེ་ཐི·ཐུའར་ཤུན་གྱིས། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོ་མི་རིགས ༥༦ གིས་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་ཞེས་གསུངས་གནང་ཡོད། ང་ཚོའི་སྒོ་རའི་ནང་གྲངས་ཉུང་མི་རིགས ༥ ཡོད་ཅིང་། ལོ་གསར་དང་དུས་ཆེན་སྐབས་ཁ་ཟས་ཕན་ཚུན་སྐྱེལ་རེས་བྱེད་པ་དང་མཉམ་དུ་ཅའོ་ཙེ་བཟོ་བ་སོགས་བྱེད་ཀྱི་ཡོད། དེ་ཡང་སྤྱི་ཁྱབ་ཧྲུའུ་ཅིས་གསུངས་པ་བཞིན་སེ་འབྲུ་ལྟར་ང་ཚོ་ཁྱིམ་མཚེས་གཡས་གཡོན་དབར་ཕན་ཚུན་དམ་པོར་འབྲེལ་ནས་རྡོག་རྩ་གཅིག་སྒྲིལ་བྱེད་བཞིན་ཡོད་ཅེས་བརྗོད་ཡོད་པ་རེད།

ཀུའུ་ཡོན་ཤང་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཨ་ཙེ་ཀུའུ་ལི·ཁེ་ལི་མུའུ་ཡིས། སླད་ཕྱིན་སྡེ་ཁུལ་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པ་བྱས་ནས། སྡེ་ཁུལ་གྱི་གྲོང་མིར་བྱ་བ་བཟང་པོ་སྒྲུབ་པ་དང་། བྱ་བ་དངོས་སྒྲུབ་པ། དཀའ་གནད་སེལ་བ་བཅས་བྱེད་རོགས་བྱས་ཏེ་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཆེ་མོ་དེ་བས་ལེགས་པའི་སྒོ་ནས་བསྐྲུན་རྒྱུ་ཡིན། ང་ཚོའི་ཏང་ཡོན་ལས་བྱེད་པའི་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཐོག ང་ཚོའི་ཁོངས་གཏོགས་ཁུལ་ནང་གི་གྲོང་མི་ཏང་ཡོན་དེ་དག་སྡེ་ཁུལ་གྱི་བྱེད་སྒོ་ཁག་ནང་ཞུགས་སུ་བཅུག་ནས། ང་ཚོའི་ཏང་རྩ་འཛུགས་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་ང་ཚོའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་རྒྱུ་ཡིན་ཞེས་གསུངས་འདུག

ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མི་རིགས་ཀྱི་ལོ་རྒྱུས་སྙན་ངག་༼མ་ན་སི་༽ཡི་གཞས་མ་གཏམ་འཁྲབ་སྟོན་ལ་གཟིགས་པ་དང་འབྲེལ། ༼མ་ན་སི་༽ཡི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ཡོད། ༼མ་ན་སི་༽ཡི་རྒྱུན་འཛིན་ཚོགས་པའི་ཚོགས་མི་སུའུ་ལའེ་ཧ·ཨའེ་ཧྲན་པ་དབྱིས། སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་རྒྱས་གོང་འཕེལ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅིར་འཁྲབ་སྟོན་བྱ་རྒྱུ་བྱུང་བས་སེམས་འགུལ་ཆེན་པོ་ཐེབས་བྱུང་ལ་དེ་ནི་ང་ཚོའི་བསོད་ནམས་ཆེན་པོ་ཞིག་རེད་སྙམ་བྱུང་། ང་ཚོ་ཕྱིར་ལོག་རྗེས་སྤྱི་ཁྱབ་ཧྲུའུ་ཅིས་གསུངས་པའི་བཀའ་མོལ་ཚིག་རེ་རེ་བཞིན་དོན་འཁྱོལ་ཡག་པོ་བྱས་ནས་ང་ཚོའི་༼མ་ན་སི་༽རྒྱུན་འཛིན་ཡག་པོ་བྱ་རྒྱུ་ཡིན་ཞེས་གསུངས་འདུག།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཤིན་ཅང་ཧྲེ་ཧོ་ཙེ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བ། ཞི་ཅིན་ཕིང་ནས་ཐེ་པེན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་བ། ཞི་ཅིན་ཕིང་ནས་གླེང་སྟེཊ་འདིར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་བ། ཞི་ཅིན་ཕིང་ནས་འབྲུ་འདེབས་དུད་ཚང་ཆེན་མོར་འཕྲིན་ལན་སྤྲིངས།