སྤྱི་ཟླ ༧ པའི་ཚེས ༥ ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨར་ཅི་རི་ཡའི་དམངས་གཙོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཐེ་པེན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་སྟེ་ཨར་ཅི་རི་ཡའི་རང་བཙན་གསར་བརྗེར་རྒྱལ་ཁ་ཐོབ་ནས་ལོ་ངོ་ ༦༠ འཁོར་བར་རྟེན་འབྲེལ་ཞུས་གནང་ཡོད།
ཞི་ཅིན་ཕིང་གིས། ལོ་ངོ་ ༦༠ ཡི་གོང་། ཨར་ཅི་རི་ཡའི་མི་དམངས་ཀྱིས་དཀའ་སྤྱད་འཐབ་རྩོད་བྱས་པ་བརྒྱུད་རྒྱལ་ཁབ་རང་བཙན་དང་མི་རིགས་བཅིངས་འགྲོལ་ཐོབ་པ་དང་། ཨ་རབ་དང་ཨ་ཧྥེ་རི་ཁའི་མི་རིགས་བཅིངས་འགྲོལ་ལས་འགུལ་གྱི་འོད་སྟོང་འཕྲོ་བའི་ལེའུ་བརྩམས་ཡོད། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཨར་ཅི་རི་ཡའི་རང་བཙན་གསར་བརྗེར་རྒྱབ་སྐྱོར་དང་རོགས་རམ་བྱས་མྱོང་ཞིང་། རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་འཐབ་རྩོད་ཁྲོད་མཛའ་གྲོགས་ཟབ་མོ་ཆགས་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཉིན་བཞིན་ཆེ་རུ་ཕྱིན་པ་དང་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་ཟ་ཐོབ་ནས། ཀྲུང་གོ་དང་ཨར་ཅི་རི་ཡ་རྒྱལ་ཁབ་གཉིས་པོའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟམ་མི་ཆད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། ང་རང་ནས་ཀྲུང་གོ་དང་ཨར་ཅི་རི་ཡ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་གོང་འཕེལ་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཙུང་ཐུང་ཐེ་པེན་དང་མཉམ་དུ་འབད་བརྩོན་གྱིས་རྒྱལ་ཁབ་གཉིས་པོའི་བར་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྒྲོམ་གཞིའི་ནང་གི་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་བཏང་ཐོག་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཅེས་གསུངས་གནང་ཡོད།
ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཨར་ཅི་རི་ཡའི་ཙུང་ལི་ཨ་པུའུ་ཏུའུ་ལ་ཧོ་མན་ལ་རྟེན་འབྲེལ་གློག་འཕྲིན་བཏང་ཡོད། ལི་ཁེ་ཆང་གིས། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ ༦༤ སོང་རིང་། ཕྱོགས་གཉིས་པོའི་འབྲེལ་བ་སྔ་བར་ཕྱི་གསུམ་དུ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་ཡོད། ངས་ཙུང་ལི་ཨ་པུའུ་ཏུའུ་ལ་ཧོ་མན་དང་ལྷན་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་རྒྱ་ཆེ་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་ཨར་ཅི་རི་ཡའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱེད་འདོད་ཡོད་ཅེས་གསུངས་གནང་ཡོད།།