རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ ༧ པའི་ཚེས ༡༨ ཉིན་གོ་ལ་ཧྲིལ་པོའི་གལ་ཆེའི་ཞིང་ལས་རིག་གནས་ཤུལ་བཞག་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ནང་མིའི་རིགས་ཀྱིས་འོད་སྟོང་འཕྲོ་བའི་ཞིང་ལས་ཤེས་དཔལ་གསར་གཏོད་བྱས་ཤིང་། ཞིང་ལས་ཀྱི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་རྒྱུ་ནི་མིའི་རིགས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། ཀྲུང་གོས་མཉམ་འབྲེལ་རྒྱལ་ཚོགས་འབྲུ་ཞིང་སྒྲིག་འཛུགས་ཀྱི་གོ་ལ་ཧྲིལ་པོའི་གལ་ཆེའི་ཞིང་ལས་རིག་གནས་ཤུལ་བཞག་གྲོས་འགོ་དང་ལེན་ཧུར་ཐག་ཞུས་ནས། སྔོག་འདོན་ཁྲོད་སྲུང་སྐྱོབ་དང་བེད་སྤྱོད་ཁྲོད་རྒྱུན་འཛིན་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཞིང་ལས་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལག་ལེན་ལ་སྐུལ་འདེད་ཟམ་མི་ཆད་པ་གཏོང་བཞིན་ཡོད། ཀྲུང་གོའི་ཕྱོགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཞིང་ལས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། དེའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གནས། འབྱུང་ཁམས། ཚན་རྩལ་སོགས་ཐད་ཀྱི་རིན་ཐང་སྔོག་འདོན་སྔར་ལས་ལྷག་པ་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ ༢༠༣༠ ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུར་རམ་འདེགས་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་སྟོན་གནང་ཡོད་པ་རེད།
གོ་ལ་ཧྲིལ་པོའི་གལ་ཆེའི་ཞིང་ལས་རིག་གནས་ཤུལ་བཞག་ཚོགས་ཆེན་དེ་ཉིན་དེ་རང་ལ་ཀྲེ་ཅང་ཞིང་ཆེན་གྱི་ཆིང་ཐེན་རྫོང་དུ་ཚོགས་འགོ་ཚུགས་པ་དང་། བརྗོད་དོན་གཙོ་བོ་ནི། ཐུན་མོང་གི་ཞིང་ལས་ཤུལ་བཞག་སྲུང་སྐྱོབ་བྱས་ནས་ཤང་གྲོང་ཁྱོན་ཡོངས་དར་རྒྱས་ལ་སྐུལ་འདེད་གཏོང་ཞེས་པ་དེ་ཡིན་ཞིང་། ཞིང་ལས་གྲོང་གསེབ་པུའུ་དང་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཉེར་ཡོད་པ་རེད། །