སྤྱི་ཟླ ༧ པའི་ཚེས ༢༡ ཉིན།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་གཞོན་ནུའི་གོང་འཕེལ་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་ཡོད་པ་རེད།
ཞི་ཅིན་ཕིང་གིས།གཞོན་ནུ་ནི་མ་འོངས་པའི་རེ་བ་ཡིན་ལ། གཞོན་ནུས་འབྱུང་འགྱུར་གསར་དུ་གཏོད་ཐུབ། ཀྲུང་གོས་སྔ་བར་ཕྱི་གསུམ་དུ་གཞོན་ནུ་རྣམས་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྟོབས་ཤུགས་སུ་བརྩི་ཡི་ཡོད་ཅིང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ལག་ལེན་དངོས་ནང་གཞོན་ནུ་ཚོས་ལང་ཚོའི་གསོན་ཤུགས་མངོན་རྒྱུར་སྐུལ་ལྕག་བྱེད་བཞིན་ཡོད། འཛམ་གླིང་གཞོན་ནུའི་གོང་འཕེལ་གླེང་སྟེགས་དེ་ཉིད་འཛམ་གླིང་གི་གཞོན་ནུ་ཚོས་གོ་ལ་ཧྲིལ་པོའི་གོང་འཕེལ་ལ་རམ་འདེགས་བྱེད་པ་དང་གོ་ལ་ཧྲིལ་པོས་གཞོན་ནུའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་སྟེགས་བུ་གལ་ཆེན་ཞིག་ལ་འགྱུར་བ་བྱས་ཏེ། འཛམ་གླིང་མི་དམངས་ཀྱི་མཐུན་སྒྲིལ་ཆེད་དུ་གཞོན་ནུའི་འབོད་སྒྲ་འབྱིན་པ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཡར་ཐོན་ཆེད་དུ་གཞོན་ནུའི་སྟོབས་ཤུགས་བསྣོན་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། རྒྱལ་ཁབ་ཁག་གི་གཞོན་ནུ་ཚོས་ཞི་བདེ་དང་གོང་འཕེལ། འདྲ་མཉམ། གཞུང་དྲང་།དམངས་གཙོ།རང་དབང་བཅས་ཀྱི་མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ་དང་། བྱ་སྤྱོད་ངོ་མའི་ཐོག་ནས་གོ་ལ་ཧྲིལ་པོའི་གོང་འཕེལ་གྲོས་འགོར་སྐུལ་འདེད་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ ༢༠༣༠ ལོའི་རྒྱུན་མཐུད་གོང་འཕེལ་གྲོས་རིམ་དོན་འཁྱོལ་བྱེད་རྒྱུར་རམ་འདེགས་བྱེད་པ་བཅས་བྱས་ཏེ། འཛམ་གླིང་གཞོན་ནུའི་མཐུན་སྒྲིལ་མཉམ་ལས་ཀྱི་དུས་རབས་ཀྱི་ལེའུ་གསར་པ་མཉམ་དུ་རྩོམ་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།
འཛམ་གླིང་གཞོན་ནུའི་གོང་འཕེལ་གླེང་སྟེགས་དེ་ཉིན་དེ་རང་ལ་པེ་ཅིང་དུ་འཚོགས་འགོ་ཚུགས་པ་དང་། བརྗོད་དོན་གཙོ་བོ་ནི། གཞོན་ནུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་གི་འབྱུང་འགྱུར་གཏོད་ཅེས་པ་དེ་ཡིན་ཞིང་། ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ཚོགས་པས་གཙོ་གཉེར་བྱས་པ་རེད།།