ཚེས ༩ ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་གསུང་བཤད་གལ་ཆེན་གནང་བ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གནང་བཞིན་པ།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གིས་ཡུན་རིང་སྲིད་སྐྱོང་བ་དང་། རྒྱལ་ཁབ་ཡུན་རིང་བདེ་འཁོད། མི་དམངས་བདེ་སྐྱིད་ཁམས་བདེ་བཅས་དང་འབྲེལ་བ་ཡོད་པའི་མཐོ་ཚད་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ཏང་གི་ཡུན་རིང་འཐབ་ཇུས་དང་རྟག་བརྟན་གྱི་ཞིབ་འཇུག་བྱ་གཞིར་བརྩི་བ་དང་། ཐོག་མཐའ་བར་གསུམ་དུ་གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས་འཛིན་པ། འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་རང་ངོས་གསར་བརྗེའི་སྙིང་སྟོབས་མཐར་ཕྱིན་པ་དར་སྤེལ་གཏོང་བ། ནམ་ཡང་གདོང་མཆོང་གི་དུང་བརྡ་གཏོང་བ། དགོངས་གཞི་ནན་པོ་དང་། བྱེད་ཐབས་ནན་པོ། ཁོར་ཡུག་ནན་པོ་བཅས་ཡུན་རིང་མཐའ་འཁྱོངས་བྱས་ཏེ། ཏང་གི་རང་ངོས་གསར་བརྗེ་རླབས་པོ་ཆེ་མཐར་ཕྱིན་པར་བྱེད་དགོས། དོ་དམ་ནན་པོ་དང་གཅེས་སྐྱོང་ཟབ་མོ་ཟུང་འབྲེལ་དང་སྐུལ་ལྕག་དང་འཆུན་འདོམས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་དང་དབྱེ་བ་འབྱེད་དགོས་པ་གསུམ་མཐའ་འཁྱོངས་ཀྱིས་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཧུར་བརྩོན་གྱི་རང་བཞིན་དང་། རང་འགུལ་གྱི་རང་བཞིན། གསར་གཏོད་ཀྱི་རང་བཞིན་བཅས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་སློང་བྱས་ནས། རྒྱང་ལམ་གསར་པར་འབད་འབུངས་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་རྣམ་པ་ཟབ་མོ་དང་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་པར་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་དགོས་པ་དང་ཏང་དར་ན་གཞི་ནས་རྒྱལ་ཁབ་སྟོབས་ཆེར་འགྲོ་ཐུབ། དུས་རབས་གསར་པའི་ལོ་བཅུའི་རིང་། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ཕྱོགས་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་གི་ནང་དུ་བཅུག་ནས། གྲི་དངོ་རང་གཏད་དང་། རུས་གཞོག་དུག་སེལ། སྨན་ཆེན་གྱིས་གཅོང་ནད་བཅོས་པ། ཁྲིམས་ཆེན་གྱིས་ཟིང་ཆ་འཇོམ་པ་བཅས་བྱས་ཏེ། གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་གཏོང་རིང་ཏང་སྔར་བས་སྟོབས་ལྡན་དུ་འགྱུར་བར་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་ནམ་ཡང་ཚར་དུས་མེད་པས། དུས་དང་རྣམ་པ་ཀུན་ཏུ་ཏང་ཆེན་པོར་དབང་བའི་དཀའ་གནད་ཐག་གཅོད་བྱེད་པའི་རིག་པ་དྭངས་གསལ་དང་བློ་རྩ་བརྟན་པོ་རྒྱུན་འཁྱོངས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ཇི་ལྟར་ངེས་པ་དང་། ཐོག་མཐའ་བར་གསུམ་དུ་བསམ་བློ་གཅིག་གྱུར་དང་། འདོད་འདུན་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ཇི་ལྟར་བྱེད་པ། ཐོག་མཐའ་བར་གསུམ་དུ་སྲིད་འཛིན་གྱི་ནུས་པ་ཆེན་པོ་དང་འགོ་ཁྲིད་ཀྱི་ཆུ་ཚད་ཇི་ལྟར་ལྡན་པར་བྱེད་པ། ཐོག་མཐའ་བར་གསུམ་དུ་ལས་སྒྲུབ་ལས་གཏོད་ཀྱི་བསམ་བློའི་འཁྱེར་སོ་རྒྱུན་འཁྱོངས་ཇི་ལྟར་བྱེད་པ། ཐོག་མཐའ་བར་གསུམ་དུ་རང་ངོས་ཀྱི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་ཇི་ལྟར་བྱེད་པ། ཐོག་མཐའ་བར་གསུམ་དུ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་རྒྱུན་འཁྱོངས་ཇི་ལྟར་བྱེད་དགོས་པ་བཅས་ཚང་མ་ནི་རང་རེའི་ཏང་ཆེན་པོ་འདིས་ངེས་པར་དུ་ཐག་གཅོད་དགོས་པའི་དམིགས་བསལ་དཀའ་གནད་ཤ་སྟག་རེད། དཀའ་གནད་འདི་དག་ཐག་གཅོད་བྱེད་པ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་བྱེད་པར་ངེས་པར་དུ་སྒྲོལ་དགོས་པའི་དཀའ་གནད་ཅིག་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དུས་བབ་གསར་པ་དང་བླང་བྱ་གསར་པར་འཚམ་པར་བྱ་ཆེད་ངེས་པར་དུ་གཏུགས་དགོས་པའི་མཁྲེགས་ས་ཞིག་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཛུགས་པ་ནི་ཁྱོན་ཡོངས་ཀྱི་རང་བཞིན་དང་གསར་གཏོད་ཀྱི་རང་བཞིན་ལྡན་པའི་ལས་དོན་ཞིག་རེད། དུས་རབས་གསར་པའི་ལོ་བཅུའི་རིང་། རང་རེའི་ཏང་གིས་རང་ངོས་གསར་བརྗེའི་ཆོས་ཉིད་ལ་ངོས་འཛིན་ཟམ་མི་ཆད་པར་ཟབ་ཏུ་བཏང་ནས། ཏང་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་ཟམ་མི་ཆད་པར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་རགས་ཙམ་བཙུགས་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་ནི་ནང་དོན་ཕུན་སུམ་ཚོགས་པ་དང་། བྱེད་ནུས་ཆ་ཚང་བ། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། འཁོར་སྐྱོད་ལས་ཕྱོད་ཆེ་བ་བཅས་ཀྱི་འགུལ་རྣམ་མ་ལག་ཅིག་ཡིན་དགོས་ཤིང་། མ་ལག་འདི་འཐུས་སྒོ་ཚང་དུ་གཏོང་དགོས་ན། ལམ་ལུགས་ལ་བརྟེན་ནས་ཏང་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བ་རྒྱུན་འཁྱོངས་དགོས་པ་དང་། ཏང་གི་ཕྱོགས་གང་ཅིའི་ཐད་ཀྱི་འཛུགས་སྐྱོང་འབྲེལ་མཐུད་ནུས་ལྡན་དང་། མཉམ་སྒུལ་ཕྱོགས་བསྡུས། མཉམ་ལས་མཐུན་སྦྱོར་བཅས་སྔར་བས་མངོན་གསལ་དོད་པོ་ཡོང་བ་དང་། སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཁྲིམས་སྲོལ་དང་ལམ་ལུགས་ཚན་རིག་དང་མཐུན་ཞིང་གོ་ཆོད་པ་སྔར་བས་མངོན་གསལ་དོད་པོ་ཡོང་བ། བཅོས་སྐྱོང་གི་འདུ་ཤེས་དང་། བརྒྱུད་རིམ་གྱི་འདུ་ཤེས། རྩོད་སྒྲུབ་ཀྱི་བསམ་གཞིག་བཅས་ལ་བརྟེན་ནས་ཏང་ལ་དོ་དམ་དང་། ཏང་སྐྱོང་བ། ཏང་འཛུགས་སྐྱོང་བཅས་སྔར་བས་མངོན་གསལ་དོད་པོ་ཡོང་བ་བཅས་བྱེད་དགོས། ནང་དོན་གྱི་ཐད་ཚང་མ་ཚུད་པ་དང་། བྱ་ཡུལ་གྱི་ཐད་ཚང་མར་ཁྱབ་པ། འགན་འཁྲིའི་ཐད་ཚང་མ་སྦྲེལ་བ། ལམ་ལུགས་ཀྱི་ཐད་ཚང་མ་མཐུད་པ་བཅས་མཐའ་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་ཁག་ལ་དུས་རབས་ཀྱི་རང་བཞིན་དེ་བས་ལེགས་པར་མངོན་པ་དང་། ཆོས་ཉིད་ཀྱི་རང་བཞིན་ཁོང་དུ་ཆུད་པ། གསར་གཏོད་ཀྱི་རང་བཞིན་གྱིས་ཕྱུག་པ་བཅས་བྱེད་དགོས།།