ཟླ ༧ ཚེས ༡༠ ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་སུའོ་ཅ་ཝ་ལེ་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ ༧ ཚེས ༡༠ ཉིན་གློག་འཕྲིན་འབྱོར་བ་ལྟར་ན། ཚེས ༡༠ ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་པའི་སོ་ལོ་མོན་གླིང་ཚོམ་གྱི་ཙུང་ལི་སུའོ་ཅ་ཝ་ལེ་དང་མཇལ་འཛོམས་གནང་བ་རེད། ཕྱོགས་གཉིས་པོས་ཐུན་མོང་ཐོག ཀྲུང་གོ་དང་སོ་ལོ་མོན་གླིང་ཚོམ་དབར་དུས་རབས་གསར་པར་ཕན་ཚུན་བརྩི་འཇོག་དང་ཐུན་མོང་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་དངོས་སུ་བཙུགས་པའི་ཁྱབ་བསྒྲགས་གནང་བ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སོ་ལོ་མོན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་དང་། སོ་ལོ་མོན་ཕྱོགས་ཀྱིས་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་དང་རང་བརྟེན་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་ལམ་བུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ནས་སྔ་ཕྱི་བར་གསུམ་དུ་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་བྱེད་ཀྱི་ཡོད། སོ་ལོ་མོན་ཕྱོགས་དང་མཉམ་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལས་བྱུང་བའི་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དང་སོ་ལོ་མོན་གླིང་ཚོམ་གྱི ༢༠༣༥ ལོའི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ། སོ་ལོ་མོན་ཕྱོགས་ཀྱི་སྤུས་ལེགས་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཐོག སོ་ལོ་མོན་གྱི་འཕེལ་རྒྱས་དར་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བར་རོགས་རམ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དེ་བས་མང་བས་སོ་ལོ་མོན་ལ་བསྐྱོད་དེ་མ་འཇོག་དང་བྱ་གཞག་གཏོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། མུ་མཐུད་སོ་ལོ་མོན་ལ་ཆབ་སྲིད་ཀྱི་ཆ་རྐྱེན་ཟུར་སྣོན་མི་བྱེད་པའི་དཔལ་འབྱོར་ལག་རྩལ་གྱི་རོགས་སྐྱོར་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་སྨན་བཅོས་དང་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཛའ་གྲོགས་སྤེལ་རེས་རྒྱ་ཆེར་གཏོང་དགོས། སོ་ལོ་མོན་ཕྱོགས་ཀྱིས་སྐབས་བཅུ་བདུན་པའི་ཞི་བདེ་རྒྱ་མཚོ་ཆེ་མོའི་ལུས་རྩལ་འགྲན་ཚོགས་གཉེར་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོས་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ལ་ལག་ལེན་བསྟར་བའི་སྲིད་ཇུས་ཀྱིས་བརྩི་འཇོག་གང་ལེགས་བཞི་མཐའ་འཁྱོངས་བྱ་རྒྱུ་སྟེ།
གཅིག་ནས་གླིང་ཕྲན་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན་ལ་བརྩི་འཇོག་གང་ལེགས་བྱས་ནས། རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡོང་བ་མཐའ་འཁྱོངས་བྱ་རྒྱུ་དང་། གཉིས་ནས་གླིང་ཕྲན་རྒྱལ་ཁབ་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱས་ཏེ། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད། གཉིས་ཕན་བཅས་མཐའ་འཁྱོངས་བྱ་རྒྱུ། གསུམ་ནས་གླིང་ཕྲན་རྒྱལ་ཁབ་ཀྱི་མི་རིགས་རིག་གནས་དང་སྲོལ་རྒྱུན་ལ་བརྩི་འཇོག་གང་ལེགས་བྱས་ནས། མཐུན་པོ་བྱས་ཀྱང་གཡམ་རྒྱུག་མི་བྱེད་པ་དང་མཛེས་ཀུན་གཅིག་ཏུ་འདུས་པ་མཐའ་འཁྱོངས་བྱ་རྒྱུ། བཞི་ནས་གླིང་ཕྲན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རང་དར་ལ་བརྩི་འཇོག་གང་ལེགས་བྱས་ནས། གླིང་ཕྲན་རྒྱལ་ཁབ་ཀྱིས༼མཐིང་མདོག་གི་ཞི་བདེ་རྒྱ་མཚོ་ཆེ་མོའི ༢༠༥༠ ཡི་འཐབ་ཇུས༽དོན་འཁྱོལ་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་དང་། ཞི་བདེ་དང་། ཞི་མཐུན། བདེ་འཇགས། ཁོང་ཡངས། དར་རྒྱས་བཅས་ཀྱི་མཐིང་མདོག་གི་ཞི་བདེ་རྒྱ་མཚོ་ཆེ་མོ་ཞིག་བསྐྲུན་པར་ལེགས་སྐྱེས་འབུལ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་བཅས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཞི་བདེ་རྒྱ་མཚོ་ཆེ་མོའི་གླིང་ཕྲན་རྒྱལ་ཁབ་ལ་གནམ་གཤིས་འགྱུར་ལྡོག་གི་འགྲན་སློང་དྲག་པོ་འཕྲད་པར་བསམ་ཤེས་བྱ་རྒྱུ་མ་ཟད། གླིང་ཕྲན་རྒྱལ་ཁབ་དང་མཉམ་དུ་གནམ་གཤིས་ཞབས་ཞུ་དང་། གེགས་འགོག་གེགས་སེལ། ནུས་རྒྱུ་གཙང་མ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། གླིང་ཕྲན་རྒྱལ་ཁབ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི ༢༠༣༠ ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱེད་རོགས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སོ་ལོ་མོན་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་བྱེད་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་པ། འཇམ་འཐབ་ཀྱི་བསམ་གཞིག་དང་བཙན་དབང་རིང་ལུགས་ལ་ཐུན་མོང་ཐོག་ངོ་རྒོལ་བྱེད་པ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བཅས་བྱེད་འདོད་ཡོད།
སུའོ་ཅ་ཝ་ལེས་གསུངས་དོན། ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པ་ནི་སོ་ལོ་མོན་ཕྱོགས་ཀྱིས་གདམ་ག་ཡང་དག་བྱས་པ་ཞིག་ཡིན། ཕྱི་འབྲེལ་བཙུགས་ཚུན། རྒྱལ་ཁབ་གཉིས་པོའི་འབྲེལ་བར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་འདི་ཉིད་སོ་ལོ་མོན་གླིང་ཚོམ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་མཉམ་ལས་རོགས་ཟླ་ཆེ་ཤོས་དང་བློས་འགེལ་ཆོག་པའི་འཕེལ་རྒྱས་ཀྱི་རོགས་ཟླར་གྱུར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་བཏོན་གནང་བ་དེ་ལས། ཁྱད་དུ་འཕགས་པའི་གཟིགས་རྒྱང་དང་སྤྱིར་བཏང་མིན་པའི་འགོ་ཁྲིད་ཀྱི་ནུས་པ་མངོན་ཡོད། དེའི་ཐད་སོ་ལོ་མོན་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱི་དབུལ་པོ་ཉུང་གཏོང་གི་གྲུབ་འབྲས་ལ་འཛམ་གླིང་གིས་ཡིད་སྨོན་བྱེད་པ་དང་དེ་དཔྱད་གཞིར་འཛིན་རིན་ཡོད་པ་ཞིག་ཡིན། སོ་ལོ་མོན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ་དང་། ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་དམ་ཟབ་བྱེད་པ་དང་། ཚོང་དོན་དང་། མ་འཇོག མི་ཆོས་རིག་གནས། ས་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། གནམ་གཤིས་འགྱུར་ལྡོག་སོགས་གོ་ལ་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་བཅས་བྱས་ནས། སོ་ལོ་མོན་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་འཕེལ་རྒྱས་ལ་དམིགས་པ་དང་ཀྲུང་གོའི་འཕེལ་རྒྱས་ལ་བཀག་འགོག་བྱེད་པའི་བྱེད་སྤྱོད་གང་རུང་ལ་སོ་ལོ་མོན་ཕྱོགས་ཀྱིས་ངོ་རྒོལ་བྱ་རྒྱུ་ཡིན།
མཇལ་འཛོམས་གྲུབ་རྗེས། ཕྱོགས་གཉིས་པོས༼དུས་རབས་གསར་པར་ཕན་ཚུན་བརྩི་འཇོག་དང་ཐུན་མོང་ཐོག་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སོ་ལོ་མོན་གླིང་ཚོམ་གྱི་མཉམ་འབྲེལ་གསལ་བསྒྲགས༽སྤེལ་བ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་ནས་སུའོ་ཅ་ཝ་ལེ་དང་མཇལ་འཕྲད་གནང་བ། ཞི་ཅིན་ཕིང་གིས་ཤར་རྒྱུད་འཐབ་ཁུལ་གྱི་ལས་ཁུངས་ལ་གཟིཊ་ཞིབ་གནང་བ། ཞི་ཅིན་ཕིང་གིས་ཤེས་དཔལ་སྤེལ་རེས་མིག་ལྟོས་དང་སྐད་ཆ་ཤོད་རེས་ཚོགས་འདུ་སྐབས་གསུམ་པ་དང་འཛམ་གླིང་རྒྱ་རིག་པ་མཁས་ཅན་གྱི་ཚོགས་ཆེན་སྐབས་དང་པོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ། ཞི་ཅིན་ཕིང་གིས་པ་པ་ཏོ་སིའི་ཙུང་ལི་མོ་ཐེ་ལི་དང་མཇལ་འཛོམས་གནང་བ།