ཞི་ཅིན་ཕིང་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅོ་ལྔ་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ནས། སྒོ་དབྱེ་ཁོང་ཡངས་དང་མཉམ་ལས་མཉམ་རྒྱལ་གྱི་འབོ་གསེར་སྙིང་སྟོབས་མཐའ་འཁྱོངས་བྱས་ཐོག འབོ་གསེར་གྱི་འགན་འཁྲིའི་ཐོག་ནས་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་། འབོ་གསེར་གྱི་འགན་ཁུར་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་པའི་ནན་སྟོན་གནང་བ།
འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བཅོ་ལྔ་པ་ས་གནས་དེ་གའི་དུས་ཚོད་སྤྱི་ཟླ ༨ ཚེས ༢༣ ཉིན་གྱི་སྔ་དྲོ་ཡུའེ་ཧན་ནེ་སི་པའོ་ཡི་ཧྲན་ཐེང་གྲོས་ཚོགས་ལྟེ་གནས་སུ་འཚོགས་ཤིང་། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཧྥུ་སས་ཐུག་འཕྲད་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། པར་ཙིར་གྱི་ཙུང་ཐུང་ལུའུ་ལ། རྒྱ་གར་གྱི་ཙུང་ལི་མོ་ཏི། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་བཅས་ཐུག་འཕྲད་ནང་ཞུགས་ཡོད་པ་རེད། རྒྱལ་ཁབ་ལྔའི་འགོ་ཁྲིད་པས། འབོ་གསེར་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་སྟེ། རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་། ཕན་ཚུན་འཕར་སྣོན་ལ་སྐུལ་འདེད་གཏོང་བ། རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བྱེད་པ། ཁོང་ཡངས་རང་བཞིན་གྱི་ཕྱོགས་མང་རིང་ལུགས་ལ་ཤུགས་སྣོན་རྒྱག་པ་ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། འབོ་གསེར་མཉམ་ལས་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་དང་། ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་བྱུང་ཡོད། ཞི་ཅིན་ཕིང་གིས་འགོ་བརྗོད་དུ༼མཐུན་སྒྲིལ་རོགས་ལས་བྱས་ནས་འཕེལ་རྒྱས་ཡོང་རེ་བྱེད་པ་དང་། འགན་ཁུར་ཕོད་པ་བྱས་ནས་ཞི་བདེར་སྐུལ་འདེད་གཏོང་དགོས༽ཞེས་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།
ཞི་ཅིན་ཕིང་གིས། དེང་སྐབས་འཛམ་གླིང་འདི་ཉིད་ཟང་ཟིང་གི་འཕོ་འགྱུར་གསར་པའི་དུས་སྐབས་སུ་སླེབས་ཤིང་། ལེགས་སྒྲིག་ཆེན་པོ་དང་། ཁ་ཐོར་ཆེན་པོ། བསྐྱར་སྒྲིག་ཆེན་པོ་བཅས་བྱེད་བཞིན་ཡོད། འབོ་གསེར་རྒྱལ་ཁབ་ནི་རྒྱལ་སྤྱིའི་རྣམ་པ་གཏོད་པའི་སྟོབས་ཤུགས་གལ་ཆེན་ཞིག་རེད། ང་ཚོས་རང་བདག་ངང་འཕེལ་རྒྱས་ཀྱི་ལམ་བུ་འདེམས་པ་དང་། ཐུན་མོང་ཐོག་འཕེལ་རྒྱས་ཀྱི་དབང་ཆ་སྲུང་བ། ཐུན་མོང་ཐོག་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པ་བཅས་ཀྱི་ཐོག་ནས་མིའི་རིགས་ཀྱི་སྤྱི་ཚོགས་མདུན་སྐྱོད་ཀྱི་ཁ་ཕྱོགས་མཚོན་ཡོད་པས། འཛམ་གླིང་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ངེས་རེད། ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ། ང་ཚོས་སྒོ་དབྱེ་ཁོང་ཡངས་དང་མཉམ་ལས་མཉམ་རྒྱལ་གྱི་འབོ་གསེར་སྙིང་སྟོབས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས། འབོ་གསེར་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད་པ་དང་། རྒྱལ་ཁབ་ལྔ་པོའི་འཕེལ་རྒྱས་ལ་རོགས་སྐྱོར་བྱས་ཡོད་ཅིང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་དྲང་བདེན་གཙོ་སྐྱོང་བྱས་ཏེ། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྐད་ཆ་ཤོད་དབང་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བཞིན་ཡོད། འབོ་གསེར་རྒྱལ་ཁབ་ནི་ཐོག་མཐའ་བར་གསུམ་དུ་རང་བཙན་རང་བདག་གི་ཕྱི་འབྲེལ་སྲིད་ཇུས་དར་སྤེལ་གཏོང་མཁན་དང་ལག་ལེན་བསྟར་མཁན་ཞིག་ཡིན་པ་དང་། རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐད་དོན་དག་དེ་རང་གི་བདེན་རྫུན་དྲང་འཁྱོག་ལ་གཞིགས་ནས་གཞུང་དྲང་གི་སྐད་ཆ་ཤོད་པ་དང་བདེན་པའི་བྱ་བ་སྒྲུབ་པ་ལས། རྩ་དོན་ཉོ་ཚོང་མི་བྱེད་པ་དང་ཕྱི་ཕྱོགས་ཀྱི་གནོན་ཤུགས་ལ་མགོ་མི་སྒུར་བ། རྒྱལ་ཁབ་གཞན་གྱི་ཟུར་གཏོགས་གཏན་ནས་མི་བྱེད་པ་བཅས་མཐའ་འཁྱོངས་བྱེད་ཀྱི་ཡོད། འབོ་གསེར་རྒྱལ་ཁབ་ལ་རྒྱ་ཆེའི་ཐུན་མོང་ངོས་འཛིན་དང་ཐུན་མོང་དམིགས་ཚད་ཡོད་པས། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་དང་ཐུན་མོང་གི་བསམ་འདུན་ལ་འགྱུར་ལྡོག་འགྲོ་མི་སྲིད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། འབོ་གསེར་མཉམ་ལས་དེ་སྔ་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་ཀྱི་འགག་རྩའི་དུས་མཚམས་སུ་གནས་ཡོད། ང་ཚོས་འཕེལ་ཕྱོགས་ཆེན་པོར་དམ་འཛིན་དང་ཁ་ཕྱོགས་ལ་སྣེ་ཁྲིད། མཉམ་འབྲེལ་རང་འབད་གྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཐོག ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་དང་། སྤུས་ཚད་མཐོ་བའི་རོགས་ཟླའི་འབྲེལ་བར་སྐུལ་འདེད། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་དེ་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཅས་ཀྱིས་འཛམ་གླིང་ལ་གཏན་འཁེལ་རང་བཞིན་དང་། བརྟན་བརླིང་རང་བཞིན། དྲང་ནུས་བཅས་དེ་བས་མང་བ་སྣོན་དགོས། ང་ཚོས་དཔལ་འབྱོར་ཉོ་ཚོང་དང་ནོར་སྲིད་དངུལ་རྩའི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་ནི་རྒྱལ་ཁབ་ཁག་གི་འཕྲོག་ལེན་བྱེད་ཐེབས་མེད་པའི་ཁེ་དབང་ཞིག་ཡིན་པ་ལས་རྒྱལ་ཁབ་ཉུང་ཤས་ཤིག་གི་གཅིག་བདག་ཁེ་དབང་མིན། འབོ་གསེར་རྒྱལ་ཁབ་ཀྱིས་འཕེལ་རྒྱས་དང་དར་རྒྱས་གཏོང་བའི་ལམ་བུའི་ཐོག་གི་མཉམ་ལས་པ་བྱས་ནས། འབྲེལ་ཐག་གཅོད་པ་དང་དཔལ་འབྱོར་བཙན་ཤེད་ལ་ངོ་རྒོལ་བྱེད་དགོས། དངོས་གཉེར་མཉམ་ལས་དང་ལྷག་པར་དུ་གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས། མཁོ་སྤྲོད་འབྲེལ་ཐག་སོགས་ཁྱབ་ཁོངས་ཁག་ལ་གཅིག་བསྡུས་ཐོག་དོ་ཁུར་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོས་ཀྲུང་གོ་དང་འབོ་གསེར་རྒྱལ་ཁབ་ཀྱི་དུས་རབས་གསར་པའི་ཚན་རིག་གསར་གཏོད་གསོ་སྦྱོང་གླིང་བཙུགས་ཐོག་འབོ་གསེར་རྒྱལ་ཁབ་ཀྱི་གོ་ལ་ཧྲིལ་པོའི་རྒྱང་ཚོར་སྲུང་སྐར་གྱི་གྲངས་གཞི་དང་བེད་སྤྱོད་མཉམ་ལས་ཀྱི་་སྟེགས་བུ་འཚོལ་ཞིབ་བྱས་ནས་བཙུགས་ཏེ། རྒྱལ་ཁབ་ཁག་གི་ཞིང་ལས་དང་། འབྱུང་ཁམས། གནོད་སེལ་སོགས་ཁྱབ་ཁོངས་ཁག་གི་འཕེལ་རྒྱས་ལ་གྲངས་གཞིའི་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་འབོ་གསེར་རྒྱལ་ཁབ་ཀྱི་རྒྱུན་མཐུད་ཐུབ་པའི་ཐོན་ལས་སྤེལ་རེས་མཉམ་ལས་སྒྲིག་གཞི་བསྐྲུན་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི ༢༠༣༠ ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དོན་འཁྱོལ་བྱ་རྒྱུར་ཐོན་ལས་སྦྲེལ་མཐུད་དང་རྣམ་གྲངས་མཉམ་ལས་ཀྱི་སྟེགས་བུ་མཁོ་འདོན་བྱེད་འདོད་ཡོད། ང་ཚོས་ཆབ་སྲིད་བདེ་འཇགས་མཉམ་ལས་རྒྱ་ཆེར་བཏང་ནས་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས། རྒྱལ་ཁབ་ཁག་གི་མི་དམངས་ཚང་མས་བདེ་འཇགས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཡོང་རེ་བྱེད་བཞིན་ཡོད། རྒྱལ་སྤྱིའི་བདེ་འཇགས་ནི་ཁ་ཕྲལ་མི་རུང་བ་ཞིག་ཡིན་ཞིང་། རྒྱལ་ཁབ་གཞན་དག་གི་ཁེ་ཕན་བློས་གཏོང་དང་རང་ངོས་ཀྱི་བལྟོས་མེད་བདེ་འཇགས་ཡོང་རེ་བྱས་ཚེ། མཐར་རང་ཉིད་ལ་གནོད་འཚེ་བཟོ་སྲིད། འབོ་གསེར་རྒྱལ་ཁབ་ཀྱིས་ཞི་བདེ་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཆེན་པོ་མཐའ་འཁྱོངས་བྱས་ཐོག ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། གླེང་མང་བའི་གནད་དོན་ལ་འདུམ་འགྲིག་ཧུར་ཐག་བྱེད་པ་དང་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ། གླེང་མང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་མ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། མི་ཐབས་རིག་ནུས་ཀྱི་མཉམ་ལས་སྔར་བས་རྒྱ་ཆེར་གཏོང་བ་དང་། ཆ་འཕྲིན་སྤེལ་རེས་དང་ལག་རྩལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཐུན་མོང་ཐོག་ཉེན་ཁ་འགོག་ཟོན་ཡག་པོ་བྱེད་པ། ཡོངས་ཁྱབ་ངང་ཞུགས་པའི་རྒྱལ་སྤྱིའི་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱ་ཁྱབ་ངང་ཐུན་མོང་གི་ངོས་འཛིན་ལྡན་པའི་བཅོས་སྐྱོང་སྒྲོམ་གཞི་དང་ཚད་ལྡན་གྱི་ཚད་གཞི་ཞིག་ཆགས་པ་བྱས་ཏེ། མི་ཐབས་རིག་ནུས་ལག་རྩལ་གྱི་བདེ་འཇགས་རང་བཞིན་དང་། བློས་བཀལ་ཆོག་པའི་རང་བཞིན། ཚོད་འཛིན་ཐུབ་པའི་རང་བཞིན། དྲང་གཞག་རང་བཞིན་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ང་ཚོས་མི་ཆོས་རིག་གནས་ཀྱི་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་དགོས། ཤེས་དཔལ་སྣ་མང་ཕུན་སུམ་ཚོགས་པ་དང་འཕེལ་རྒྱས་ཀྱི་ལམ་བུ་འདྲ་མིན་སྣ་ཚོགས་ཡོད་པ་དེ་ནི་འཛམ་གླིང་ལ་ཡོད་དགོས་པའི་རྣམ་པ་ཡིན། མིའི་རིགས་ཀྱི་ལོ་རྒྱུས་དེ་ཤེས་དཔལ་རིགས་གཅིག་དང་ལམ་ལུགས་གཅིག་གི་ཐོག་མཇུག་བསྡུ་མི་སྲིད། འབོ་གསེར་རྒྱལ་ཁབ་ཀྱིས་ཆུ་བརྒྱ་མཚོ་ལ་འདུས་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཤེས་དཔལ་མི་འདྲ་བ་ཞི་བདེ་མཉམ་གནས་དང་ཞི་མཐུན་མཉམ་གནས་ཡོང་བའི་འབོད་སྐུལ་བྱེད་པ་དང་། རྒྱལ་ཁབ་ཁག་གིས་རང་བདག་ངང་གདམ་ག་བྱས་པའི་དེང་རབས་ཅན་གྱི་འགྲོ་ལམ་ལ་བརྩི་འཇོག་བྱེད་པ། འདུ་ཤེས་འཛིན་སྟངས་ཁ་གཏད་དུ་ལངས་པ་དང་ལམ་ལུགས་ཁ་གཏད་དུ་ལངས་པ། ཤེས་དཔལ་གདོང་གཏུག་ཐོན་རྒྱུ་བཅས་ལ་ངོ་རྒོལ་བྱེད་དགོས་ཞེས་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རྒྱལ་ཁབ་ཀྱིས་སློབ་གསོའི་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ་དང་། ལས་རིགས་སློབ་གསོའི་མནའ་འབྲེལ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། གྲངས་འཛིན་སློབ་གསོའི་མཉམ་ལས་ལམ་སྲོལ་འཚོལ་ཞིབ་དང་འཛུགས་པ་བཅས་བྱེད་པ་དང་ཆབས་ཅིག་སྲོལ་རྒྱུན་རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན། ང་ཚོས་དྲང་གཞག་དྲང་བདེན་རྒྱུན་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་དགོས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་གཅོག་པའི་གདམ་ག་ཡང་དག་ཅིག་རེད། རྒྱལ་སྤྱིའི་སྒྲིག་སྲོལ་ནི་མཉམ་འབྲེལ་རྒྱལ་ཚོགས་རྩ་ཁྲིམས་ཀྱི་སྙིང་དོན་དང་རྩ་དོན་ལ་གཞིགས་ནས་ཚང་མས་ཐུན་མོང་ཐོག་འཛུགས་པ་དང་སྲུང་སྐྱོང་བྱེད་དགོས་པ་ཞིག་ཡིན་པ་ལས། སུ་སྟོབས་ཤུགས་ཆེ་བ་དང་། སུ་སྐད་སྒྲ་ཆེ་ན་དེར་བསྟུན་དགོས་པ་ཞིག་མ་ཡིན་ལ། དེ་བས་ཀྱང་ངན་པ་དཔུང་སྒྲིག་བྱས་ནས་རང་ཉིད་ཀྱི་ཁྲིམས་སྲོལ་དེ་རྒྱལ་སྤྱིའི་སྒྲིག་སྲོལ་དུ་རྩིས་ཆོག་པ་ཞིག་མ་ཡིན། འབོ་གསེར་རྒྱལ་ཁབ་ཀྱིས་ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་བྱེད་པ་དང་། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ལྟེ་བར་བྱེད་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་རྒྱབ་སྐྱོར་དང་ཤུགས་སྣོན་བརྒྱབ་ནས་ཚོགས་པ་ཆུང་ཆུང་སྒྲིག་པའི་རིགས་ལ་ངོ་རྒོལ་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། གསར་སྤེལ་དངུལ་ཁང་གསར་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྒྱལ་སྤྱིའི་དངུལ་རྩ་དང་དངུལ་ལོར་མ་ལག་གི་སྒྱུར་བཅོས་ལ་སྐུལ་འདེད་བཏང་སྟེ་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཚབ་མཚོན་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས། ང་ཚོས་སྒོ་དབྱེ་ཁོང་ཡངས་དང་མཉམ་ལས་གཉིས་རྒྱལ་གྱི་འབོ་གསེར་སྙིང་སྟོབས་རྒྱུན་འཁྱོངས་ཀྱིས་འབོ་གསེར་ཐོག་སྣོན་མཉམ་ལས་ཀྱི་ལས་སྟེགས་ཡག་པོ་སྤྱད་བྱས་ནས་ཁོངས་མི་མང་དུ་གཏོང་རྒྱུ་ཇེ་མགྱོགས་སུ་བཏང་སྟེ། རྒྱལ་ཁབ་དེ་བས་མང་བ་འབོ་གསེར་གྱི་ཁྱིམ་ཚང་ཆེ་མོར་ཞུགས་སུ་བཅུག་ནས། བློ་གྲོས་གཅིག་སྡུད་དང་། སྟོབས་ཤུགས་གཅིག་སྒྲིལ་བྱས་ནས། གོ་ལ་ཧྲིལ་པོ་བཅོས་སྐྱོང་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས་མཇུག་ཏུ། འབོ་གསེར་བྱ་གཞག་གིས་རྒྱལ་སྤྱིའི་བདེན་དོན་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་ལྔའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཚེ། བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུ་དང་། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་ངེས་རེད་ཅེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། ཀྲུང་གོ་ཕྱོགས་ཀྱིས་འབོ་གསེར་རོགས་ཟླ་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་འདུ་ཤེས་འཛིན་ནས། འཐབ་ཇུས་རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། འབོ་གསེར་གྱི་འགན་འཁྲི་འཁུར་བའི་ཐོག་ནས་ཐུན་མོང་གི་འགྲན་རྩོད་ལ་ཁ་གཏད་གཅོག་པ་བཅས་བྱས་ཏེ། འབོ་གསེར་གྱི་འགན་འཁྲི་ཕྲག་ཏུ་འཁུར་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པ་དང་། དེང་རབས་ཅན་གྱི་ཕྱོགས་སུ་ཐུན་མོང་ཐོག་སྐྱོད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།
ལ་མ་ཧྥུ་ས་དང་། ལུའུ་ལ། ཕུའུ་ཅིང་། མོ་ཏི་བཅས་ཀྱིས་འབོ་གསེར་མཉམ་ལས་ལམ་སྲོལ་ལ་ཐོབ་པའི་དགེ་མཚན་ལྡན་པའི་འཕེལ་རིམ་ལ་ཚད་མཐོའི་གདེང་འཇོག་གནང་ཡོད། ཕྱོགས་ཁག་གིས། ས་ཁམས་ཆབ་སྲིད་ཀྱི་གདོང་ཐུག་དང་། འཛམ་གླིང་གི་དཔལ་འབྱོར་ལ་དཀའ་ངལ་འཕྲད་པ་སོགས་ཀྱི་ཤུགས་རྐྱེན་ཐེབས་པས་གསར་དར་ཁྲོམ་རའི་རྒྱལ་ཁབ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཉིན་བཞིན་ཚབས་ཆེར་ཕྱིན་པའི་དབུལ་ཕོངས་དང་། འདྲ་མཉམ་མེད་པ། དྲང་གཞག་མིན་པ་སོགས་ཀྱི་འགྲན་རྩོད་འཕྲད་བཞིན་ཡོད་པ་དང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པའི་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཡིན། འབོ་གསེར་རྒྱལ་ཁབ་ཀྱིས་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུར་གཞོལ་ནས་གོ་ལ་ཧྲིལ་པོའི་ཞི་བདེ་བརྟན་ལྷིང་དང་དྲང་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། རྒྱལ་ཁབ ༢༠ ལྷག་ཙམ་གྱིས་འབོ་གསེར་རྒྱལ་ཁབ་ནང་ཞུགས་རྒྱུའི་རེ་ཞུ་ཕུལ་བ་དེའི་ཐོག་ནས་འབོ་གསེར་མཉམ་ལས་ལམ་སྲོལ་གྱི་གསོན་ཤུགས་དང་། ཡིད་དབང་འགུག་ཤུགས། དེ་བཞིན་རྒྱལ་སྤྱིའི་བྱ་དོན་ཁྲོད་ཀྱི་འཐབ་ཇུས་རིན་ཐང་བཅས་གང་ལེགས་མངོན་ཡོད། འབོ་གསེར་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་སྒོ་དབྱེ་ཁོང་ཡངས་དང་། མཉམ་ལས་གཉིས་རྒྱལ་གྱི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་བྱས་ཏེ། འབོ་གསེར་རྒྱལ་ཁབ་ནང་ཞུགས་མཁན་རྒྱ་ཆེར་གཏོང་བའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་ནས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དེ་དེ་བས་ཁོང་ཡངས་དང་བཏང་སྙོམས། ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་སྒྲིག་གཞི་བསྐྱར་དར་དང་སྒྱུར་བཅོས་བྱེད་པ། འཛམ་གླིང་སྣ་མང་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། འཛམ་གླིང་གི་མི་དམངས་མང་ཆེ་བའི་འཐུས་ཚབ་བྱས་པའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁེ་ཕན་དང་དེ་བས་མཐུན་པ་བྱེད་དགོས། འབོ་གསེར་རྒྱལ་ཁབ་ནས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་ཁག་གིས་རང་བདག་ངང་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་མཐུན་པའི་དེང་རབས་ཅན་གྱི་ལམ་བུ་འདེམས་པར་བརྩི་འཇོག་བྱེད་དགོས། རྒྱལ་སྤྱིའི་དངུལ་རྩའི་མ་ལག་དེ་ས་ཁམས་ཆབ་སྲིད་འགྲན་རྩོད་ཀྱི་ལག་ཆར་འགྱུར་མི་རུང་བ་དང་། རྒྱལ་སྤྱིའི་དངུལ་རྩའི་དངུལ་ལོར་གྱི་མ་ལག་སྒྱུར་བཅོས་ལ་སྐུལ་འདེད་གང་མགྱོགས་བཏང་ནས། གསར་དར་ཁྲོམ་རའི་རྒྱལ་ཁབ་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་བ་དང་། རྒྱུན་མཐུད་གོང་འཕེལ་དང་ཁོང་ཡངས་རང་བཞིན་ཤུགས་ཆེར་འགྲོ་རྒྱུ་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་ལྔ་དང་རྒྱ་ཆེའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མི་དམངས་ལ་ཕན་པ་སྐྲུན་དགོས་པའི་ངོས་འཛིན་བྱས་ཡོད།
ཐུག་འཕྲད་གནང་རིང་། རྒྱལ་ཁབ་ལྔའི་འགོ་ཁྲིད་པས་ད་དུང་འབོ་གསེར་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྒྲིག་གཞིའི་འགན་ཁུར་བས་གནང་བའི་ལས་དོན་སྙན་ཞུ་གསན་པ་དང་འབྲེལ་མཉམ་དུ་སྐུ་པར་བསྐྱོན་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོའི་ནང་ཞུགས་ཡོད།།