རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ས་གནས་དེ་གའི་དུས་ཚོད་ཟླ ༡༠ ཚེས ༢༢ ཉིན་གྱི་ཉིན་གུང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཁ་ཧྲན་དུ་ཕེབས་འབྱོར་ཟིན་ཞིང་། ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕུའུ་ཅིང་གི་གདན་ཞུས་ལྟར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཛོམས་ཐེངས་བཅུ་དྲུག་པར་ཞུགས་པ་རེད།
ཆེད་གཏོང་གནམ་གྲུ་ཁ་ཧྲན་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་སྐབས། ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་ཐ་ཐར་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དཔོན་མིང་ཉི་ཧ་ནོ་ཧྥུ་དང་། སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་ཕེ་སོ་ཧྲེན། ཁ་ཧྲན་གྲོང་ཁྱེར་གྱི་གྲོང་སྤྱི་མེ་ཐེ་ཧྲེན། ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡི་མཐོ་རིམ་དཔོན་རིགས་བཅས་ཀྱིས་གནམ་ཐང་དུ་སྤྲོ་སེམས་འཁོལ་བའི་ངང་ཕེབས་བསུ་ཞུས་ཡོད། གུས་ལུགས་དམག་གིས་ས་གདན་དམར་པོའི་གཞོགས་གཉིས་སུ་གྲལ་བསྒྲིགས་ནས་གུས་འདུད་ཞུས་པ་དང་། མི་རིགས་ཀྱི་གྱོན་ཆས་གྱོན་པའི་ཨུ་རུ་སུའི་གཞོན་ནུ་མས་སྲོལ་རྒྱུན་གྱི་གུས་སྲོལ་ལྟར་དགའ་བསུ་ཞུས་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་ཁོང་དང་མཉམ་དུ་གནམ་གྲུ་གཅིག་གི་ནང་ཕེབས་ཡོད།
ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཀྲང་ཧན་ཧུའེ་ཡང་གནམ་ཐང་དུ་ཕེབས་བསུར་བཅར་ཡོད།