ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས ༢༦ ཉིན་འཕྲིན་ཡིག་སྤྲིངས་ནས་ཧྥུ་ཏན་སློབ་ཆེན་བཙུགས་ནས་ལོ ༡༢༠ འཁོར་བར་རྟེན་འབྲེལ་ཞུས་པ་དང་། དགེ་སློབ་དང་ལས་མི་ཡོངས་དང་རྒྱ་ཆེའི་སློབ་གྲྭ་གཅིག་པའི་མི་སྣར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་ཡོད།
ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ལོ ༡༢༠ སོང་ཚུན། ཧྥུ་ཏན་སློབ་ཆེན་གྱིས་དུས་རབས་དང་གོམ་པ་མཉམ་འགྲོས་བྱས་ནས། གཟི་བརྗིད་ལྡན་པའི་རྒྱལ་གཅེས་སྲོལ་རྒྱུན་དང་སློབ་གྲྭའི་སྤྱོད་ཚུལ་བཟང་པོ་ཆགས་ཡོད་པ་དང་། ཕུལ་བྱུང་གི་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་མཛད་པ། གསར་གཏོད་རང་བཞིན་གྱི་གྲུབ་འབྲས་མང་པོ་བཏོད་ནས། རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་ཡར་རྒྱས་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། འགོ་འཛུགས་ས་གསར་པའི་ཐོག ཧྥུ་ཏན་སློབ་ཆེན་གྱིས་རྒྱུན་འཁྱོངས་ལྷོད་མེད་ངང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བླ་སྲོག་གཏོད་པ་དང་མི་སྣ་གསོ་སྐྱོང་བྱེད་པ་དང་། སློབ་གསོ་ཚན་ཞིབ་བསྒྱུར་བཅོས་གཏིང་ཟབ་བྱེད་པ། ཚན་རྩལ་རང་བདག་གསར་གཏོད་དང་ཤེས་ལྡན་མི་སྣ་རང་བདག་གསོ་སྐྱོང་གི་མཉམ་འགུལ་བཟང་པོར་སྐུལ་འདེད་གཏོང་བ། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཤེས་བྱའི་གསར་གཏོད་དང་རིགས་པའི་གཞུང་ལུགས་གསརགཏོད། བྱ་ཐབས་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་ས་ཁོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་ཞབས་ཞུ་བྱེད་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་དང་། མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་ཟམ་མི་ཆད་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།
ཧྥུ་ཏན་སློབ་ཆེན་ནི ༡༩༠༥ ལོར་བཙུགས་པ་དང་། ལོ་ངོ་ ༡༢༠ རིང་། སློབ་གྲྭ་དེས་ཐོས་པ་རྒྱ་ཆེར་བཙལ་ནས་ཕུགས་འདུན་སྲུང་། གཞན་ལ་དྲི་བ་བཏོན་ནས་དོན་ལ་བསམ་ཞེས་པའི་སློབ་གྲྭའི་གདམ་ཚིག་རྒྱུན་འཁྱོངས་བྱས་ཏེ། ཕུལ་བྱུང་བརྩོན་ལེན་དང་། གསར་གཏོད་གསར་སྤེལ་བྱས་ནས། རྒྱལ་ཁབ་ལ་ཕུལ་བྱུང་གི་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་བྱས་ཡོད།།