ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉིན་ཤས་གོང་བཀའ་རྒྱར་མཚན་རྟགས་བཀོད་ནས།༼དམག་དོན་སྒྲིག་བཀོད་འཛུགས་སྐྲུན་སྐོར་གྱི་སྲོལ་ཡིག༽ཡོངས་བསྒྲགས་གནང་བ་དང་། དེ་ཉིད ༢༠༢༥ ལོའི་ཟླ ༨ ཚེས ༡ ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
སྲོལ་ཡིག་ནང་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ། དམག་གྲབས་དང་དམག་རྒྱག་ལ་ཞབས་འདེགས་ཞུ་རྒྱུར་དམིགས་པ། འགོ་ཁྲིད་བཀོད་འདོམས་སྒྲིག་སྲོལ་དང་འགན་སྲུང་བྱེད་སྟངས་གསར་པ་དང་འཚམ་པར་བྱེད་པ། དམག་དོན་སྒྲིག་བཀོད་འཛུགས་སྐྲུན་གྱི་གཞི་རྩའི་རྩ་དོན་དང་དོ་དམ་སྒྲིག་གཞི། འཁོར་སྐྱོད་ལམ་སྲོལ། ལས་ཀའི་ལམ་ལུགས་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་ཚད་ལྡན་དུ་གཏོང་བ་བཅས་བྱས་ཡོད་པས། དེ་ནི་དམག་དོན་སྒྲིག་བཀོད་འཛུགས་སྐྲུན་ལས་དོན་གྱི་གཞི་འཛིན་ས་གལ་ཆེན་ཞིག་ཡིན་པ་རེད།
སྲོལ་ཡིག་ལ་ཁྱོན་ལེའུ ༡༡ དང་དོན་ཚན ༦༣ ཡོད་ཅིང་། དམག་དོན་ཨུ་ལྷན་གྱིས་སྤྱི་ཁྱབ་དོ་དམ་བྱེད་པ་དང་། དམག་ཁུལ་གྱིས་དམག་འཐབ་ཀྱི་གཙོ་འགན་འཁུར་བ། དམག་རིགས་ཀྱིས་འཛུགས་སྐྲུན་གྱི་གཙོ་འགན་འཁུར་བ་བཅས་ཀྱི་སྤྱིའི་རྩ་དོན་ལ་གཞིགས་ཐོག འཛུགས་སྐྲུན་སྦྲེལ་ཐག་དང་དོ་དམ་སྦྲེལ་ཐག ལྟ་སྐུལ་སྦྲེལ་ཐག་བཅས་མཐུན་སྦྱོར་ཡོང་བར་དམིགས་ཏེ། གཙོ་གནད་ཐོག་དམག་དོན་སྒྲིག་བཀོད་འཛུགས་སྐྲུན་གྱི་འཆར་གཞི་དོ་དམ་དང་། རྣམ་གྲངས་ཀྱི་ཞིབ་བཤེར་ཆོག་མཆན། ལས་གྲྭ་འགན་གཙང་སྤྲོད་རྒྱུ། རྩད་ཞིབ་ཇུས་འགོད། ཨར་ལས་དོ་དམ། འཕྲལ་སྒྲུབ་འཛུགས་སྐྲུན། བདེ་འཇགས་གསང་སྲུང་། ལྟ་སྐུལ་འགན་འཁྲི་རྩད་གཅོད་སོགས་ཀྱི་ཐད་ནས། དོ་དམ་གྱི་དབང་ཚད་གསལ་པོ་བཟོ་བ་དང་། བརྒྱུད་རིམ་གྱི་ལམ་སྲོལ་ལེགས་སུ་གཏོང་བ། ལག་ལེན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། དམག་དོན་སྒྲིག་བཀོད་འཛུགས་སྐྲུན་གྱི་སྤུས་ཚད་ཕན་འབྲས་དང་འགན་སྲུང་ནུས་པ་ཆེ་རུ་གཏོང་རྒྱུར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་ཐུབ་རྒྱུ་རེད།།