གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཏང་གི་སློབ་གྲྭའི་སློབ་ཚུཊ་མཛད་སྒོར་གསུང་བཤད་གནང་བ།

སྤེལ་དུས་: 2021ལོ་03ཟླ་02ཚེས་ 15:50 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི་༼རྒྱལ་ཁབ་སྲིད་འཛིན་སློབ་གླིང་༽གཞོན་ནུ་དར་མའི་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་བ་དང་། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་ཕུལ་བྱུང་སྤྱོད་བཟང་ལྡན་པའི་ལྷག་བསམ་རྣམ་དག་གི་རྒྱུན་འཛིན་པ་ཡག་པོ་ཞིག་བྱེད་པ་དང་། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་ཐོག་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་དང་། བྱས་རྗེས་འཇོག་པ་དང་བྱ་གཞག་གཏོད་དགོས་པའི་ནན་སྟོན་གནང་བ།

སྤྱི་ལོ ༢༠༢༡ ལོའི་དཔྱིད་ཀའི་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི་༼རྒྱལ་ཁབ་སྲིད་འཛིན་སློབ་གླིང་༽གཞོན་ནུ་དར་མའི་ལས་བྱེད་པའི་སྦྱོང་བརྡར་འཛིན་གྲྭ་སྤྱི་ཟླ ༣ པའི་ཚེས ༡ ཉིན་གྱི་སྔ་དྲོ་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་འགོ་ཚུགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་བ་དང་། ཁོང་གིས་སྔར་སོང་དང་ད་ལྟ། འབྱུང་འགྱུར་བཅས་གང་ཞིག་གི་སྐབས་སུ་ཡང་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་ཕུལ་བྱུང་སྤྱོད་བཟང་ནི་ང་ཚོས་དཀའ་ཚེགས་ལ་མི་སྐྲག་པ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་མ་ཐེབས་པའི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཞིག་ཡིན། གཞོན་ནུ་ལས་བྱེད་པ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རྒྱུན་འཛིན་པ་ཡིན་པས་ངེས་པར་དུ་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་ཕུལ་བྱུང་སྤྱོད་བཟང་གི་ལྷག་བསམ་རྣམ་དག་གི་རྒྱུན་འཛིན་པ་ཡག་པོ་ཞིག་བྱེད་པ་དང་། བློ་སྟོབས་དང་། བློ་རྩ་བརྟན་ཤུགས། རང་གཅུན་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། དུས་རབས་གསར་པར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པའི་ཐོག་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་དང་བྱས་རྗེས་འཇོག་པ་དང་བྱ་གཞག་གཏོད་དེ་ཏང་དང་མི་དམངས། དུས་རབས་བཅས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་ཧུར་ཐག་གཏོད་དགོས་པའི་ནན་སྟོན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་མཛད་དེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་རླབས་ཆེའི་གྲུབ་འབྲས་བཏོད་ཡོད། གལ་ཆེ་ཤོས་ཤིག་ནི་རང་རེའི་ཏང་གིས་དུས་ཡུན་རིང་པོའི་ལག་ལེན་ཁྲོད་གཟི་བརྗིད་སྲོལ་རྒྱུན་དང་ཕུལ་བྱུང་སྤྱོད་བཟང་སྐྱེད་སྲིང་དང་རྒྱུན་འཁྱོངས་བྱས་པས་ཡིན། གཟི་བརྗིད་སྲོལ་རྒྱུན་དང་ཕུལ་བྱུང་སྤྱོད་བཟང་དེ་དག་ནི་རང་རེའི་ཏང་གི་ངོ་བོ་དང་དམིགས་ཡུལ་གྱི་གཅིག་སྡུད་མངོན་ཚུལ་ཞིག་ཡིན་ཞིང་། དེ་ནི་རང་རེའི་ཏང་འདི་ཉིད་སྲིད་ཏང་གཞན་བར་གྱི་མངོན་གསལ་དོད་པའི་མཚོན་རྟགས་ཤིག་ཡིན། ཏང་ལ་མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་པ་བྱེད་པར་ངེས་པར་དུ་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་ཕུལ་བྱུང་སྤྱོད་བཟང་རྒྱུན་བསྲིངས་ལྷོད་མེད་ངང་དར་སྤེལ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། དེང་གི་འཛམ་གླིང་འདིར་ལོ་བརྒྱ་འཕྲད་མ་མྱོང་བའི་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པ་དང་། རང་རྒྱལ་འདི་ཉིད་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བྱེད་པའི་འགག་རྩའི་དུས་སུ་གནས་པ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཚར་བར་རླབས་ཆེའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། དབུལ་སྒྲོལ་འགག་སྒྲོལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པ་བདེ་བླག་ངང་འགོ་བཙུགས་པ་དང་ཆབས་ཅིག་ང་ཚོར་མདུན་སྐྱོད་ཀྱི་ལམ་བུའི་ཐོག་སྔར་བཞིན་དཀའ་གནད་དང་འགྲན་རྩོད་མང་པོ་ཞིག་འཕྲད་བཞིན་ཡོད། ཉེན་ཁ་ཇི་ཙམ་ཆེ་ན་འགྲན་རྩོད་དེ་ཙམ་གྱིས་མང་བ་དང་། ལས་འགན་དེ་ཙམ་གྱིས་ལྕི་བ། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་དེ་ཙམ་གྱིས་ཤུགས་སྣོན་རྒྱག་དགོས། སྤྱོད་ཚུལ་བཟང་པོས་སྙིང་སྟོབས་འཕེལ་བ་དང་། བློ་སྟོབས་ཤུགས་ཆེར་འགྲོ་བ། གཟུགས་བརྙན་གཏོད་པ། དམངས་སེམས་ཐོབ་ཐུབ་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས། ཏང་ལ་བློ་དཀར་སེམས་དཀར་བྱེད་པ་ནི་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་གཤིས་སྤྱོད་གལ་ཆེ་ཤོས་དེ་ཡིན། རང་རེའི་ཏང་གིས་དཀའ་ཉེན་དང་དཀའ་སྡུག་མང་པོ་ཞིག་བརྒྱུད་མྱོང་ནའང་དཀའ་ངལ་གང་འདྲ་ཞིག་གིས་ཀྱང་ང་ཚོ་ཕམ་ཉེས་སུ་བཏང་མེད་ལ་དགྲ་བོ་སུ་འདྲ་ཞིག་གིས་ཀྱང་ང་ཚོ་གཏོར་ཕམ་གཏོང་ཐུབ་མེད། དེ་ནི་ཏང་ཡོན་ཁྲི་སྟོང་མང་པོའི་ལྷག་བསམ་ལ་བརྟེན་པས་ཡིན། ཏང་ལ་ལྷག་བསམ་རྣམ་དག་བྱེད་པར་ངེས་པར་དུ་བློ་གཅིག་སེམས་གཅིག་དང་རྒྱུན་བསྲིངས་ལྷོད་མེད་བྱ་དགོས་ལ་ངེས་པར་དུ་ཁ་ཞེ་གཉིས་མེད་དང་ཤེས་སྤྱོད་ཟུང་འབྲེལ་བྱ་དགོས། དུས་དང་གནས་བབ་གང་འདྲ་ཞིག་གི་སྐབས་སུའང་བསམ་འདུན་མི་འགྱུར་བ་དང་། བློ་སྟོབས་མི་ཉམས་པ། སྤྱོད་བཟང་མི་ཉམས་པ་བཅས་བྱ་དགོས། གཞོན་ནུ་ལས་བྱེད་པས་སྔོན་བྱོན་དང་སྔོན་གཤེགས་དཔའ་བོ་མེ་ལོང་དུ་འཛིན་པ་དང་། ལྡོག་ཕྱོགས་ཀྱི་དཔེ་མཚོན་སྤངས་ནས་དད་སེམས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་། བསམ་པའི་རིག་གནས་ཕུན་སུམ་ཚོགས་སུ་གཏོང་བ། བསམ་བློ་བརྟན་པོ་ཡོང་བ་བཅས་བྱས་ཏེ། འགྱུར་བ་མེད་པའི་ཕུགས་བསམ་གྱི་དད་སེམས་བརྟན་པོས་ཏང་ལ་ལྷད་མེད་བསམ་པ་འཆང་དགོས། རང་རྟོགས་ངང་ཆབ་སྲིད་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་རྒྱག་པ་དང་། དོ་ནན་པའི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྦྱོང་བརྡར་དང་ལེན་བྱེད་པ། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་མཐོ་རུ་བཏང་ཐོག་རང་ཉིད་ཀྱི་ཆབ་སྲིད་ནུས་པ་དེ་འཁུར་བའི་ལས་ཀའི་འགན་འཁྲི་དང་གཅིག་མཐུན་ཡོང་བ་བྱ་དགོས། ཏང་གི་ཐུགས་ཁྲལ་སེལ་རོགས་དང་། རྒྱལ་ཁབ་ཀྱི་ཆེད་དུ་ལས་འགན་སྒྲུབ་པ། དམངས་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་བ། དཀའ་སྡུག་བཟོད་པ་དང་ལས་འགན་ལྗིད་པོ་འཁུར་བ། ཉེན་ཁ་ཐེག་པ་བཅས་བྱ་དགོས། ལག་ལེན་ངོ་མའི་ཐོག་ནས་ཏང་ལ་བཅངས་པའི་བློ་དཀར་སེམས་པ་མཚོན་པ་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། རང་རེའི་ཏང་གི་ལོ་རྒྱུས་ལས་ག་དུས་རིགས་གཞུང་དང་ལག་ལེན་འབྲེལ་གཏུག་བྱ་རྒྱུ་ཡག་པོ་བྱུང་ན་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་རྒྱལ་ཁ་ཟམ་མི་ཆད་པ་ཐོབ་ཐུབ། དེ་ལས་ལྡོག་ཚེ། ཏང་དང་མི་དམངས་ཀྱི་བྱ་གཞག་ལ་གྱོང་གུན་ཕོག་པ་དང་། ཐ་ན་བར་ཆད་ཚབས་ཆེན་འཕྲད་སྲིད་པ་ལོ་རྒྱུས་ལས་ར་སྤྲོད་ཡང་ཡང་བྱས་ཡོད། རིགས་གཞུང་དེ་ལག་ལེན་ཐོག་འཁྱོལ་བ་བྱེད་པར་སྔོན་འགྲོ་ནི་རིགས་གཞུང་ལ་སློབ་སྦྱོང་དང་གོ་བ་ལོན་པ། བསམ་བློའི་སྙིང་བཅུད་ཁོང་དུ་ཆུད་པ་བྱ་རྒྱུ་དེ་རེད། གཞོན་ནུ་ལས་བྱེད་པས་མ་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པའི་གཞུང་ལུགས་དང་ལྷག་པར་དུ་དུས་རབས་གསར་པའི་ཏང་གི་གསར་གཏོད་རིགས་གཞུང་གྲུབ་འབྲས་ལ་ཞིབ་འཇུག་གཏིང་ཟབ་བྱེད་དགོས་པ་དང་། འབད་པ་ཆེན་པོས་དེའི་ནང་འདུས་པའི་ལངས་ཕྱོགས་ལྟ་བ་དང་བྱ་ཐབས། གནས་ལུགས་དང་མཚན་ཉིད་སོགས་ཁོང་དུ་ཆུད་པ་དང་། དེ་དག་ཤོད་ཤེས་པས་མ་ཚད་དེའི་གོ་དོན་རྟོགས་ཐུབ་པ་དང་། དེ་ལྟར་ཡིན་པ་ཤེས་ན་དེ་ལྟར་ཡིན་པའི་རྒྱུ་མཚན་ཤེས་པ་བྱེད་དགོས། ཏང་གི་རིགས་གཞུང་གསར་གཏོད་གྲུབ་འབྲས་ལ་སློབ་སྦྱོང་གཏིང་ཟབ་བྱེད་དགོས་པ་དང་། སྔ་ཕྱི་ཚང་མར་སློབ་སྦྱོང་དང་དུས་བསྟུན་མདུན་སྐྱོད་ཀྱིས་སློབ་སྦྱོང་བྱེད་དགོས། ཏང་གི་ཚན་རིག་དང་མཐུན་པའི་རིགས་གཞུང་ཐོག་ནས་བསམ་བློའི་བྱ་ཐབས་ལེགས་སྒྱུར་དང་བསམ་བློའི་དཀའ་གནད་སེལ་བ། རང་སོའི་བསམ་པའི་སྤྱོད་ཚུལ་དང་སེམས་ཁམས་འཇོག་ཚུལ་ཞིབ་བཤེར་བྱེད་པ། ཡང་དག་པའི་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ། དབང་ཆའི་ལྟ་བ། སྲིད་སྐྱོང་བྱས་རྗེས་ལྟ་བ། བྱ་གཞག་ལྟ་བ་བཅས་བརྟན་པོ་འཛུགས་པ་བཅས་བྱས་ཏེ་རང་ཉིད་ཀྱི་བསམ་བློ་གཏོང་སྟངས་དང་སེམས་ཁམས་གཉིས་བྱ་གཞག་གོང་འཕེལ་གྱི་དགོས་མཁོ་དང་དེ་བས་འཚམས་པ་བྱེད་དགོས། དངོས་ཐོག་བདེན་འཚོལ་དང་བདེན་འཚོལ་དངོས་སྒྲུབ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། དོན་དངོས་ལ་གཞིགས་ནས་བྱ་གཞག་དང་ལས་ཀར་འཆར་གཞི་འགོད་པ། བཟུང་བའི་བྱ་ཐབས་དང་སྲིད་ཇུས། འཆར་གཞི་སོགས་དོན་དངོས་གནས་ཚུལ་དང་མཐུན་པ་དང་། ཕྱི་ཡུལ་ཆོས་ཉིད་དང་མཐུན་པ། ཚན་རིག་གི་སྙིང་སྟོབས་དང་མཐུན་པ་བཅས་བྱེད་དགོས།

གསར་གཏོད་རང་བཞིན་གྱི་ལས་ཀའི་ཐོག་ནས་ཏང་ཀྲུང་དབྱང་གི་བཀོད་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། དམ་པ་དོན་གཉེར་དང་དོན་འཁྱོལ་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ལས་དོན་ཐམས་ཅད་དངོས་སུ་སྒྲུབ་པ་དང་ཕན་འབྲས་དངོས་ཐོན་པ་བྱེད་དགོས་པ་དང་། རེ་བ་མཐོ་པོ་མི་བྱེད་པ་དང་དོན་དངོས་དང་རྒྱབ་འགལ་དུ་མི་སོང་བ་བྱས་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོངས་སུ་གཅོད་དགོས། མི་གཞུང་དྲང་ཞིག་བྱེད་པ་དང་སྐད་ཆ་དྲང་པོ་ཤོད་པ། བྱ་བ་ཡག་པོ་བསྒྲུབ་པ་བཅས་མི་ཚེའི་དམ་ཚིག་ཏུ་བཟུང་དགོས། དེ་ལྟར་བྱས་ན་དོན་དམ་པའི་བརྟན་ཐོག་རྒྱང་སྐྱོད་ཐུབ་སྲིད་ཅེས་ནན་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས། མི་དམངས་ནི་ང་ཚོའི་ཏང་གི་སྟོབས་ཀྱི་འབྱུང་ཁུངས་ཡིན་པ་དང་། ང་ཚོའི་ཏང་གི་རྩ་བ་མི་དམངས་ལ་ཐུག་ཅིང་། ཁྲག་རྒྱུན་མི་དམངས་དང་འདྲེས་ཡོད་པས་ངེས་པར་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་སར་འཇོག་དགོས་པ་དང་། ནམ་ཡང་མི་དམངས་ཆེད་དུ་ལས་དོན་བསྒྲུབ་དགོས། གུང་ཁྲན་ཏང་གི་ལས་བྱེད་པས་མི་དམངས་མང་ཚོགས་ཀྱི་དཔོན་པོ་བྱ་རྒྱུ་རྒྱུན་འཁྱོངས་དང་། རང་ཉིད་རྒྱ་ཆེའི་མང་ཚོགས་ལ་བརྩི་བ་ལས་མཐོན་པོའི་དཔོན་དང་སྐུ་ངོས་བྱེད་མི་རུང་། དེའི་ཐད་གཞོན་ནུ་ལས་བྱེད་པས་དང་ཐོག་མ་ནས་བསམ་བློ་ཡག་པོ་གཏོང་དགོས་ལ། མི་ཚེ་གཅིག་སེམས་ལ་ངེས་དགོས། གཞོན་ནུ་ལས་བྱེད་པས་མི་དང་འབྲེལ་བ་བྱེད་སྟངས་ཡིན་ནའི་འདྲ་སྲིད་ཞུགས་ལས་སྒྲུབ་གང་ཞིག་ཡིན་རུང་། དང་ཐོག་མར་ང་སུ་ཡིན་པ་དང་། སུའི་ཆེད་དུ་ཡིན་པ། སུ་ལ་བརྟེན་པ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་རྒྱུན་ཆད་མེད་པར་ང་ཆུང་བ་དོར་ནས་མི་དམངས་ཀྱི་ཐུགས་རེ་སྟོང་ཟད་དུ་མི་གཏོང་བའི་བསམ་པའི་གོ་རྟོགས་འཚོལ་དགོས། རང་ཉིད་སློབ་མ་ཆུང་ཆུང་ཞིག་ཏུ་བརྩིས་ནས། མི་དམངས་དགེ་རྒན་དུ་བསྟེན་དགོས་པ་དང་། ལྷག་པར་དུ་སེམས་དང་སེམས་པ་གཏད་སའི་གཞི་རིམ་གྱི་གྲོགས་པོ་འགའ་ཞིག་སྒྲིག་ན་དོན་དངོས་ཀྱི་གནས་ཚུལ་ཤེས་རྟོགས་བྱ་རྒྱུར་ཕན་ཐོགས་ཡོད་ལ། ལས་དོན་ཡག་པོ་བསྒྲུབ་རྒྱུར་ཡང་ཕན་ཐོགས་ཡོད། ང་ཚོའི་ཏང་གིས་མི་དམངས་ཆེད་དུ་བདེ་སྐྱིད་འཚོལ་བ་དང་། མི་རིགས་ཆེད་དུ་བསྐྱར་དར་མངོན་འགྱུར་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོ་ངེས་ཏེ་ཏང་གིས་བློ་གཅིག་སེམས་གཅིག་ངང་མི་དམངས་ལ་ཞབས་ཞུ་བསྒྲུབ་པའི་རྩ་བའི་དམིགས་འབེན་བརྟན་སྲུང་གིས་སེམས་ནུས་ཡོད་རྒུས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་ཀྱི་དཀའ་ངལ་དང་སེམས་ཁྲལ། རེ་སྒུག་བྱ་ཡུལ་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་བས་ཤུགས་ཆེར་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ང་ཚོ་གུང་ཁྲན་ཏང་མིས་རང་སྐྱོན་རང་བརྗོད་བྱེད་པའི་གཞི་རྩའི་རྒྱུ་རྐྱེན་དེ་ནི་ཏང་གཤིས་ལས་བྱུང་བ་དང་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ལས་བྱུང་བ་ཡིན། གཞོན་ནུ་ལས་བྱེད་པས་རང་སྐྱོན་ཞིབ་བརྗོད་དུས་ཐོག་བྱེད་པའི་རང་རྟོགས་ཡོད་དགོས་པ་དང་། རྒྱུན་པར་ཏང་གི་རིགས་པའི་གཞུང་ལུགས་དང་བསྡུར་བ་བྱེད་པ་དང་ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་དང་བསྡུར་བ་བྱེད་པ། ཐོག་མའི་བསམ་འདུན་དང་བསྡུར་བ་བྱེད་པ། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དང་བསྡུར་བ་བྱེད་པ། རང་ངོས་ཀྱི་སྐྱོན་ཆ་དང་མི་འདང་བའི་ཆ་རང་འགུལ་སྒོ་ནས་འཚོལ་ཕོད་པ་དང་ཡོ་བསྲང་བྱེད་ཕོད་པ་བྱེད་དགོས། ཏང་དང་བྱ་གཞག བློ་མཐུན་བཅས་ལ་ཚད་མཐོའི་འགན་ཁུར་བའི་བསམ་པ་དང་བློ་ཁོག་ཆེན་པོས་སྐྱོན་བརྗོད་བྱེད་ཕོད་པར་གཞིགས་ནས། བློ་མཐུན་གྱི་མི་འདང་བའི་ཆ་འཚོལ་རོགས་དང་། ནོར་འཁྲུལ་གྱི་ཆ་ཡོ་བསྲང་བྱེད་རོགས་བྱས་ནས། བློ་མཐུན་དང་མཐུན་སྒྲིལ་གཅིག་སྒྲིལ་གྱིས་མདུན་དུ་བསྐྱོད་དགོས། ཁེངས་སྐྱུང་བཟོད་སྒོམ་དང་སྐྱོན་བརྗོད་དང་ལེན་བྱེད་ཕོད་པའི་ཁོག་རྒྱ་དང་ཉམས་སྤོབས་ཐོག་ནས། ཁོག་ཡངས་དཀྱེལ་ཆེ་དང་ཟོལ་མེད་དང་ལེན་བྱེད་པ། ཡོད་ན་ཡོ་བསྲང་དང་། མེད་ན་དོགས་ཟོན་བྱ་དགོས་ཞེས་བསྟན་གནང་བ་རེད།

ཞི་ཅིན་ཕིང་གིས། འཐབ་རྩོད་བྱེད་ཕོད་པ་ནི་རང་རེའི་ཏང་གི་མངོན་གསལ་དོད་པའི་གཤིས་རྒྱུད་ཡིན། རང་རེའི་ཏང་གིས་འཐབ་རྩོད་ལ་བརྟེན་ནས་ད་ལྟའི་བར་དུ་བསྐྱོད་པ་ཡིན་པས། ངེས་པར་དུ་འཐབ་རྩོད་ལ་བརྟེན་ནས་འབྱུང་འགྱུར་ཐོབ་པ་བྱ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་འགོ་འཛུགས་སྐབས། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ་བཅས་བྱེད་པར། མདུན་དུ་ལྷགས་པའི་ཉེན་ཁ་དང་ཚོད་བགམ་དེ་སྔོན་ལས་ཉུང་བ་མེད། ན་གཞོན་ལས་བྱེད་པས་རང་རྟོགས་ངང་འཐབ་རྩོད་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་སྟེ། འཐབ་རྩོད་ཀྱི་ཁྲོད་དུ་འཐབ་རྩོད་བྱེད་ཤེས་པ་དང་། འཐབ་རྩོད་ཀྱི་ཁྲོད་དུ་འཚར་ལོངས་དང་མཐོར་འདེགས་བྱས་ཏེ། འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་བྱེད་མཁས་པའི་དཔའ་བོ་ཞིག་ཏུ་འགྱུར་བར་བྱ་དགོས། འཐབ་རྩོད་ཀྱི་བློ་སྟོབས་བརྟན་པོ་བཅངས་ནས། དཔའ་ངར་ཞུམ་མེད་དང་བར་མེད་མདུན་སྐྱོད་བྱེད་དགོས་པ་ལས། བར་ཆད་ཕྲན་བུ་འཕྲད་མ་ཐག་དཔའ་ཞུམ་ནས་མདུན་དུ་སྐྱོད་མི་ཕོད་པ་དང་། དཀའ་ངལ་འཕྲད་མ་ཐག་ཕྱིར་བཤོལ་གཏན་ནས་བྱེད་མི་རུང་། འཐབ་རྩོད་བྱེད་མཁས་པ་དང་། འཐབ་རྩོད་བྱེད་ཤེས་པ་བྱ་དགོས། ཕྲ་མཐོང་ཆེ་ཤེས་ལྟ་བུའི་ནུས་པ་ཆེ་རུ་གཏོང་བ་དང་། སྣང་ཚུལ་གྱི་ཐོག་ནས་ངོ་བོར་ལྟ་བ་དང་། གནད་ལ་འཁེལ་བའི་སྒོ་ནས་འགྱུར་ལྡོག་ལ་ངོས་འཛིན་དང་། ཚན་རིག་དང་མཐུན་པར་འགྱུར་ལྡོག་གཏོང་བ། རང་འགུལ་ངང་འགྱུར་ལྡོག་གཏོང་བ། སྔོན་ལ་གསལ་རྟོགས་དང་དགེ་སྤེལ་སྐྱོན་སྤོང་བཅས་བྱེད་དགོས། འཐབ་ཇུས་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། འཕེལ་ཕྱོགས་ཆེན་པོ་སྟངས་འཛིན་བྱེད་པ། འགལ་ཟླ་གཙོ་བོ་དང་འགལ་ཟླའི་ཕྱོགས་གཙོ་བོར་དམ་འཛིན་བྱེད་པ། གལ་ཆེ་ཆུང་དང་དལ་བྲེལ་དབྱེ་འབྱེད་གསལ་པོ་བྱེད་པ། ཚན་རིག་དང་མཐུན་པའི་བཀོད་ཇུས་བཀོད་སྒྲིག་བྱེད་པ། འཐབ་རྩོད་ཀྱི་རང་འགུལ་དབང་ཆ་ཁོང་དུ་བརྟན་པོ་ཆུད་པ། མ་མཐའི་མཚམས་ཐིག་གི་བསམ་གཞིག་ཆེ་རུ་བཏང་ནས། དུས་བཀག་ལྟར་ཉེན་ཁའི་རྒྱུ་རྐྱེན་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་དགོས། དོན་རེ་བརྒྱུད་ནས་ཉམས་མྱོང་རེ་གསོག་འཇོག་དང་། འདི་ནས་དེ་ཤེས་བྱེད་པ། ཟུར་བལྟས་ལེབ་མཐོང་བྱེད་པ་བརྒྱུད། འཐབ་རྩོད་ཀྱི་འཇོན་ཐང་ངོ་མ་དང་དྲག་རྩལ་ངོ་མ་སྦྱོང་དགོས་ཞེས་ནན་གསུངས་གནང་ཡོད།

ཞི་ཅིན་ཕིང་གིས། ན་གཞོན་ལས་བྱེད་པས་དཀའ་སྤྱད་འབད་འཐབ་ཀྱི་རྒྱུག་མཐུད་དབྱུག་པ་བླངས་ནས། ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་འགྱུར་དང་ནམ་ཡང་སྒྱིད་ལུག་མི་བྱེད་པའི་བསམ་པའི་གནས་སྟངས་ཐོག་ནས། འགན་འཁྲི་ལྕི་པོ་འཁུར་ཕོད་པ་དང་། དཀའ་སྤྱད་དངོས་སྒྲུབ་བྱས་ཏེ། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཏང་ལ་ཁས་ལེན་དང་རྒྱལ་ཁབ་ཀྱི་དྲིན་འཇལ་བའི་འབད་འཐབ་བྱས་རྗེས་འཇོག་དགོས། གྲོན་ཆུང་བབ་ཆགས་དང་། བག་མེད་ཆུད་ཟོས་སྤོང་བ་ནི་རང་རེའི་ཏང་གི་ཕ་ནོར་ཡིན། ད་ལྟ་ང་ཚོའི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད་མོད། འོན་ཀྱང་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟོབས་ཅུང་ཙམ་ཡང་མི་ཉམས་པར། ངེས་པར་དུ་གྲོན་ཆུང་ལ་བརྟེན་ནས་རང་གཅུན་དང་། གྲོན་ཆུང་ལ་བརྟེན་ནས་ལས་སྐྲུན། གྲོན་ཆུང་བསྲི་ཚགས་དང་བརྩོན་འགྲུས་ལ་བརྟེན་ནས་བྱ་བ་ཐབས་ཅད་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱ་དགོས། ན་གཞོན་ལས་བྱེད་པས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ལ་ཉེན་བརྡ་གཏོང་བ་དང་། དགེ་མཚན་ལྡན་ཞིང་སྐྱོན་དང་བྲལ་བའི་འཚོ་བའི་འདོད་ཕྱོགས་རྒྱུན་འཁྱོངས་དང་རང་རྒྱུད་ལ་འཇགས་པར་བྱེད་པ། སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་ཀྱི་སྲོལ་ངན་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། གུང་ཁྲན་ཏང་མིའི་གཞུང་དྲང་སྤྱོད་གཙང་གི་ཆབ་སྲིད་རང་བཞིན་ནམ་ཡང་རྒྱུན་འཛིན་བཅས་བྱེད་དགོས་ཞེས་བསྟན་གནང་ཡོད།

ཁྲེན་ཞི་ཡིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་དང་། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་དང་འབྲེལ་མཐུད་བྱས་ཏེ། ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་པའི་བདེན་དོན་གྱི་སྟོབས་ཤུགས་དང་། ལག་ལེན་གྱི་སྟོབས་ཤུགས། མི་གཤིས་ཀྱི་སྟོབས་ཤུགས་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ཤུགས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ཤུགས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་སློབ་སྦྱོང་དང་དར་སྤེལ་གཏོང་བའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཇེ་ཆེར་ཏན་ཏིག་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱས་ཏེ། གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་བསུ་བ་ཞུ་དགོས་ཞེས་བསྟན་གནང་ཡོད།

ཏིང་ཞུའེ་ཞང་དང་ཧོང་ཁུན་མིང་འཛིན་གྲྭ་འགོ་ཚུགས་པའི་མཛད་སྒོར་ཞུགས་ཡོད།

སྤྱི་ལོ ༢༠༢༡ ལོའི་དཔྱིད་དུས་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི་༼རྒྱལ་ཁབ་སྲིད་འཛིན་སློབ་གླིང་༽གཞོན་ནུ་དར་མའི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་མ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་། ཀྲུང་དབྱང་གི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་རྣམས་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་གླེང་བ་ཞེས་པའི་དེབ་དཔེ་སྐྲུན་བྱས། ཞི་ཅིན་ཕིང་ནས་གྲོས་ཚོགས་གལ་ཆེན་འདི་གཙོ་སྐྱོང་གནང་འདུག ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དབུ་ཚོགས་གཙོ་སྐྱོང་གནང་རྒྱུ་ཡིན་པ། ཞི་ཅིན་ཕིང་གིས་དཔོན་དམག་ཡོངས་ལ་ལོ་གསར་གྱི་འཚམས་འདྲི་ཞུས་པ། བོད་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཇི་ལྟར་སྤེལ་དགོས་སམ།