སྤྱི་ཟླ ༡༠ ཚེས ༢༤ ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་སྲིད་ཁྲིམས་བརྟན་ལྷིང་སྲུང་སྐྱོང་འཐབ་ཕྱོགས་སུ་བརྟག་ཞིབ་གནང་བར་ཕེབས་ཏེ། ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་གནས་ཚུལ་སྙན་ཞུ་གསན་པ་དང་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་བཀོད་སྒྲིག་གནང་བ་རེད།
ཝང་ཅུན་ཀྲེང་གིས་བསྟན་དོན། ལོ་མང་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མཐུན་སྒྲིལ་སྣེ་ཁྲིད་འོག་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་། བོད་ཀྱི་ལས་དོན་གྱི་གཞི་འཛིན་ས་དང་ཤུགས་རྒྱག་སར་སྟངས་འཛིན་ནན་པོ་བྱེད་པ། ཁ་ཕྲལ་སིམ་འཛུལ་གྱི་བྱེད་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ། གཏུམ་སྤྱོད་འཇིགས་སྐུལ་དང་། ནག་གཤེད་ཕྱོགས་གཏོགས། དྲ་རྒྱའི་ཉེས་གསོག་གི་བྱེད་སྤྱོད་གསར་པ་སོགས་ལ་འགོག་ཟོན་དང་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་ནུས་ལྡན་བྱས་ཡོད།
ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་དགོས་ཤིང་། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་ངང་ཁོང་དུ་ཆུད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། ཡང་དག ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་སྔར་བས་ཆེ་རུ་གཏོང་བ། འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ། དེའི་ནང་འདུས་པའི་མར་ཁེ་སི་རིང་ལུགས་ཀྱི་དགོངས་པ་དང་། ལྟ་བ། བྱ་ཐབས་བཅས་ཁོང་དུ་ཧུར་ཐག་ཆུད་པ་དང་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་བཏང་ནས་ལྗོངས་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས།
གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་སེམས་ཁྲལ་གྱི་འདུ་ཤེས་འཛུགས་དགོས་ཤིང་། ལྗོངས་ཡོངས་ཀྱི་རིམ་ཁག་རྩ་འཛུགས་ཀྱིས་བསམ་བློ་དེ་བོད་ཀྱི་ལས་དོན་གྱི་དུས་བབ་དང་ལས་འགན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་བརྡར་གཅོད་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ། བོད་ཀྱི་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་འཕྲད་པའི་དུས་བབ་གསར་པ་ཁོང་དུ་ཡང་དག་ཆུད་པ་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་ཚད་མཐོའི་དོགས་ཟོན་རྒྱུན་འཁྱོངས་བྱེད་པ་དང་། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་བྱེད་པ། བག་མེད་ལྷོད་གཡེང་གི་བསམ་བློ་སྣ་ཚོགས་མཐའ་གཅིག་ཏུ་ཁྱད་བསད་བྱེད་པ། སྟེས་དབང་གི་སེམས་ཁམས་མཐའ་གཅིག་ཏུ་འགོག་པ། མཐའ་ཚད་ཀྱི་བསམ་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། སེམས་ཁྲལ་གྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ནས་དུས་དང་རྣམ་པ་ཀུན་ཏུ་བརྟན་ལྷིང་སྲུང་སྐྱོང་གི་རྩ་བ་དེ་དམ་པོར་འཛིན་དགོས།
བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས་ཤིང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་བརྟན་པོ་བཙུགས་ཏེ་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། སྤྱི་ཚོགས་ཀྱི་ཁྱོན་ཡོངས་ལ་ཁྲིམས་ལྟར་དོ་དམ་ཚོད་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་དུས་རབས་གསར་པའི་ཧྥེང་ཆའོ་ཡི་ཉམས་མྱོང་དར་སྤེལ་བཏང་ནས་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་བའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། མཐའ་མཚམས་ཀྱི་ལས་དོན་ལ་ཤུགས་སྣོན་ནུས་ལྡན་རྒྱག་པ་དང་སྤྱི་པའི་བདེ་འཇགས་ལས་དོན་ཡག་པོ་བསྒྲུབས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་ཚབས་ཆེན་མི་ཐོན་པ་བྱེད་དགོས། ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པར་ཁྲིམས་ལྟར་ཤུགས་སྣོན་རྒྱག་པ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་ནས་བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་ཆགས་པ་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་འཛིན་པ་མཐའ་འཁྱོངས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད། བོད་གསར་རྙིང་བསྡུར་བ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་སྲིད་ཁྲིམས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཁག་སྤྱི་འདོམས་ངང་ཡག་པོ་སྒྲུབ་པ་དང་། རང་ངོས་ཀྱི་འགོག་སྲུང་ལས་དོན་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལྗོངས་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་དགོས།
ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་དགོས་ཤིང་། དུས་བབ་གསར་པ་དང་། ལས་འགན་གསར་པ། གནས་ཚུལ་གསར་པ། གནད་དོན་གསར་པ་བཅས་ཀྱི་མདུན་དུ་རིམ་ཁག་ཏང་ཨུད་ཀྱིས་བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཧུར་བརྩོན་དང་རང་འགུལ་གྱི་སྙིང་སྟོབས་ཐོག་ནས་གནད་དོན་ཐག་གཅོད་བྱེད་པའི་ལས་ཀའི་ལམ་སྲོལ་ནུས་ལྡན་འཚོལ་ཞིབ་བྱས་ཏེ་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱེད་པ་དང་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་ཤུགས་རྒྱག་སར་ཤུགས་བརྒྱབ་ནས་ལས་ཀའི་མཉམ་ཤུགས་ཆགས་པ་བྱས་ཏེ་དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོཊ་འཚོགས་པ། ཞི་ཅིན་ཕིང་ནས་འགྲིམ་འགྲུལ་ཚོགས་ཆེན་ལ་གཙོ་དོན་གསུང་བཤད་གནང་བ། ཞི་ཅིན་ཕིང་ནས་ཀྲུང་དབྱང་མི་དམངས་འཐུས་ཚོགས་ལས་དོན་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་བ། ཞི་ཅིན་ཕིང་ནས་རྒན་རྒོན་ཚོར་དུས་ཆེན་གྱི་སྨོན་འདུན་ཞུས་གནང་བ། ཝང་ཅུན་ཀྲེང་གིས་བློ་མཐུན་རྒན་གྲས་ལ་འཚམས་འདྲི་གནང་བ།