ཞི་ཅིན་ཕིང་ནས་རྒྱལ་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱི་སྔོན་ཐོན་དཔེ་བཟང་དང་མེ་ཟོན་བློ་དཀར་སྐུ་སྲུང་གི་གཟེངས་བསྟོད་ཚོགས་ཆེན་གྱི་འཐུས་མི་དང་མཇལ་འཕྲད་གནང་བ་དང་། ཝང་ཧུའུ་ཉིང་དང་ཧན་ཀྲེང་མཇལ་འཕྲད་ནང་ཞུགས་པ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཚེས ༥ ཉིན་གྱི་སྔ་དྲོ་པེ་ཅིང་དུ་རྒྱལ་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱི་སྔོན་ཐོན་དཔེ་བཟང་དང་མེ་ཟོན་བློ་དཀར་སྐུ་སྲུང་གི་གཟེངས་བསྟོད་ཚོགས་ཆེན་གྱི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས་ཁོང་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་འབྲེལ། རྒྱལ་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མེ་གསོད་རོགས་སྐྱོབ་བཀོད་འཐབ་པར་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་མཇལ་འཕྲད་ནང་ཞུགས་པ་རེད།
སྔ་དྲོའི་ཆུ་ཚོད ༡༡ དང་སྐར་མ ༡༥ ཡི་ཐོག ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཕེབས་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཡོད། ཞི་ཅིན་ཕིང་སོགས་འཐུས་མི་ཚོའི་ཁྲོད་ཕེབས་ནས་ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་དང་འབྲེལ་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཝང་ཡུང་། ཀྲའོ་ཁེ་ཀྲི་བཅས་མཇལ་འཕྲད་ནང་ཞུགས་ཡོད། སྐབས་དང་པོའི་རྒྱལ་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་མ་ལག་གི་སྔོན་ཐོན་དཔེ་བཟང་དང་མེ་ཟོན་བློ་དཀར་སྐུ་སྲུང་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་དེ་སྤྱི་ཚེས ༤ ཉིན་པེ་ཅིང་དུ་འཚོགས་ཡོད། ཝང་ཡུང་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད། ཁོང་གིས་རྒྱལ་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་གལ་ཆེན་གྱི་དགོངས་དོན་ཡིད་ལ་བརྟན་པོར་ངེས་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་རྩ་བའི་རྩེ་ལ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་སྔར་ལས་ལེགས་པ་བྱེད་པ་དང་། སེམས་ནུས་ཡོད་རྒུས་འཕྲལ་སྡོམ་དོ་དམ་གྱི་ལས་དོན་ཁག་ལེགས་པར་བསྒྲུབ་པ། མི་དམངས་བདེ་འཇགས་ཡོང་བ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་བླ་ན་མེད་པའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་བཅས་བྱས་ཏེ། འབད་འཐབ་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཏང་དང་མི་དམངས་ལ་ལེགས་སྐྱེས་སྔར་ལས་ཆེ་བ་འབུལ་བ་དང་གཟི་བརྗིད་སྔར་ལས་ཆེ་བ་བརྩོན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཚོགས་འདུའི་ཐོག རྒྱལ་ཡོངས་ཀྱི་འཕྲལ་སྡོམ་དོ་དམ་ཁོངས་གཏོགས་ཀྱི་རིམ་པ་དང་པོའི་དཔའ་བོ་དཔེ་བཟང་ ༨ དང་། སྔོན་ཐོན་མཉམ་སྡེབ ༩༩ སྔོན་ཐོན་ལས་དོན་པ ༡༩༠ ཀྲུང་གོའི་མེ་ཟོན་བློ་དཀར་སྐུ་སྲུང་ ༣༠ རིམ་པ་གཉིས་པའི་དཔའ་བོ་དཔེ་བཟང་ ༣༠ བཅས་ལ་གཟེངས་བསྟོད་ཐོབ་ཡོད། ཅང་སུའུ་ཞིང་ཆེན་ཡན་ཁྲེང་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་རུ་ཁག་གི་ནུབ་སྐོར་ལམ་ཐིག་དམིགས་བསལ་ལས་སྒྲུབ་ས་ཚིགས་ཀྱི་ཆབ་སྲིད་སློབ་སྟོན་པ་ཀྲའོ་དབྱི་དང་། སི་ཁྲོན་ཞིང་ཆེན་ལུའུ་ཀྲོའུ་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུད་ཀྱི་ཅུད་ཀྲང་ལི་ཧྭ་ཀུའེ། བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་ནག་ཆུ་རུ་ཆེན་གྱི་རུ་དཔོན་ཁུང་ཐེ་ཐེ། རྒྱལ་ཁབ་བདེ་འཇགས་ཐོན་སྐྱེད་འཕྲལ་སྡོམ་རོགས་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཞའོ་ཝུན་རུའུ། པེ་ཅིང་གྲོང་ཁྱེར་གནམ་བདེ་སྒོ་མོ་ཆེའི་ས་ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གནའ་བོའི་ཕོ་བྲང་གི་དམིགས་བསལ་ལས་སྒྲུབ་ས་ཚིགས་ཀྱི་ཆབ་སྲིད་སློབ་སྟོན་པ་ཚའེ་རུའེ་སོགས་གཟེངས་བསྟོད་ཐོབ་པའི་འཐུས་མིས་ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་མཛད་སྒོ་འདིའི་ཐོག་ནན་སྟོན་འདི་ལྟར་གནང་། ཞི་ཅིན་ཕིང་གིས་དབུ་ཚོགས་འདིའི་ཐོག་ཡིག་ཐོག་ཤིས་ཚིག་གསུངས། ཝང་ཅུན་ཀྲེང་གིས་དྲིལ་བསྒྲཌ་བསམ་བློའི་འཐབ་ཕྱོཌ་སུ་བརྟག་ཞིབ་གནང་བ། ཝང་ཅུན་ཀྲེང་གིས་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་པར་འདི་འདྲ་གསུངས། ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོཌ་འདུ་འཚོཌ་པ།