སྤྱི་ཚེས ༡ ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཁོང་གིས་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།༼ཚེ་སྲོག་ནི་རིན་ཆེན་གསེར་ལས་ལྷག༽ཅེས་པའི་བརྙན་འཕྲིན་ཆེད་དོན་པར་གཞི་གཅིག་སྡུད་ཐོག་ལྟ་བ། མིག་སྔའི་ལྗོངས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་ཚུལ་དང་འཕྲད་པའི་དུས་བབ་ཀྱི་ལས་འགན་ལ་ཕྱོགས་སྡོམ་དང་དབྱེ་ཞིབ། བདེ་འཇགས་ཐོན་སྐྱེད་ལས་འཛོལ་གྱི་བསླབ་བྱ་དང་ལེན་གཏིང་ཟབ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བདེ་འཇགས་ཐོན་སྐྱེད་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་། དགོས་གཏུགས་ཀྱི་བསམ་པ། ལས་འགན་སྒྲུབ་སེམས་བཅས་སྔར་བས་ཆེ་རུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་དོགས་ཟོན་ལས་དོན་ཡག་པོ་བསྒྲུབ་པར་བཀོད་སྒྲིག་བཅས་བྱས་ནས་བདེ་འཇགས་ཐོན་སྐྱེད་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་ར།
ཝང་ཅུན་ཀྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་ཐོན་སྐྱེད་ལས་དོན་སྐོར་ལ་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་དམར་ཐིག་དང་། བདེ་འཇགས་འཕེལ་རྒྱས་ཀྱི་འཐབ་ཇུས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་སོགས་གལ་ཆེའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་རྒྱས་བཤད་གཏིང་ཟབ་གནང་བ། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཚེ་སྲོག་གོང་དུ་བཀུར་བ་དང་བདེ་འཇགས་ཨང་དང་པོར་འཇོག་པའི་བསམ་བློ་དར་སྤེལ་གཏོང་བ་དང་། སྤྱི་པའི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་མཐའ་གཅིག་ཏུ་བཀག་འགོག་བྱེད་པ། གེགས་འགོག་དང་། གེགས་སེལ། གེགས་སྐྱོབ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་ཁ་གསལ་བཏོན་གནང་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན།མིག་སྔར་རང་ལྗོངས་སྟོན་དགུན་ནམ་དུས་བརྗེ་བའི་དུས་ཚིགས་སུ་སླེབས་ཡོད་པས་དྲོད་ཚད་རིམ་བཞིན་ཆག་པ་དང་གངས་འཁྱག་གི་ལམ་དུམ་རིམ་བཞིན་མང་དུ་འགྲོ་བ། འཛུགས་སྐྲུན་ལས་གྲྭ་སྣ་ཚོགས་མཇུག་བསྡུའི་དུས་མཚམས་སུ་སླེབས་པས་འཛུགས་སྐྲུན་བྱེད་པོས་ལས་ཀའི་འཕེལ་རིམ་མགྱོགས་སུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་འདོད་ཆེན་པོ་བྱེད་ཀྱི་ཡོད། གནམ་གཤིས་སྐམ་ཤས་ཆེ་ཞིང་གྲང་ངར་ཆེ་བ་དང་། སྣུམ་རླངས་གློག་སོགས་ཀྱི་དགོས་མཁོ་ཧ་ཅང་ཆེ་བ། འགྲོ་ལམ་བདེ་འཇགས་དང་། འཛུགས་སྐྲུན་ཨར་ལས། གྲོང་ཁྱེར་མེ་ཟོན། རིག་དངོས་མེ་ཟོན། ནགས་ཚལ་མེ་ཟོན་བཅས་ཀྱི་དུས་བབ་སྔར་བས་ཛ་དྲག་ཏུ་འགྲོ་བཞིན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་བདེ་འཇགས་ཐོན་སྐྱེད་དེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་བཞག་ནས་ཇུས་འགོད་བྱེད་པ་དང་སྐུལ་འདེད་གཏོང་བ། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་ཕྱོགས་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱེད་པ། དམར་ཐིག་གི་འདུ་ཤེས་དང་མཐའ་ཚད་ཀྱི་བསམ་གཞིག་སྔར་བས་ཟབ་ཏུ་གཏོང་བ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ཁོར་ཡུག་བཟང་པོ་བཏོད་དེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་མཐའ་འཁྱོངས་བྱས་ཏེ་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ཨང་དང་པོར་བཞག་ནས། བསམ་བློའི་ཐད་ཚད་མཐོའི་མཐོང་ཆེན་དང་། བྱ་སྤྱོད་ཐད་མཐའ་གཅིག་ཏུ་དོན་འཁྱོལ། བྱ་ཐབས་ཐད་ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱེད་དགོས།
མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་དམ་པ་དོན་གཉེར་གྱི་སྙིང་སྟོབས་ཐོག་ནས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ཡག་པོ་བྱེད་དགོས།
གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཐོལ་བྱུང་དོན་རྐྱེན་ཚབས་ཆེན་ཐོན་རྒྱུ་ནན་འགོག་བྱེད་དགོས།
འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས། །