ཚོགས་ར།
སྤྱི་ཚེས ༡ ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ་ངོ་ ༥༠ འཁོར་བའི་དྲན་གསོའི་ཚོགས་འདུ་དང་རྒྱལ་ཁབ་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་ཚན་རྩལ་གསར་གཏོད་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་དཔེ་སྐྲུན་ཁང་བཙུགས་ནས་ལོ་ངོ་ ༡༠༠ འཁོར་བ་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཨོ་ལིམ་ཕིག་འཕྲིན་ལམ་དང་དེའི་གྲངས་འཛིན་ལས་སྟེགས་སྟོན་འགོ་ཚུགས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་བྱ་ཐབས་ལ་ཞིབ་འཇུག་ཀྱང་བྱས་པ་རེད།
ཚོགས་ར།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱུང་ནས་ལོ་ངོ་ ༥༠ འཁོར་བའི་དྲན་གསོའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ཏེ། ཏང་གི་ཕྱི་ཕྱོགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་གཞི་རྩའི་དགོངས་དོན་གསལ་པོར་རྟོགས་པ་དང་། ལྟེ་བའི་དོན་སྙིང་ཁོང་དུ་ཆུད་པ། ལས་ཀའི་བླང་བྱ་ཁ་གསལ་བཟོ་བ་བཅས་བྱས་ནས། བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་ཆེད་ཕྱི་ཕྱོགས་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས།
ཚོགས་འདུའི་ཐོག་ནན་བཤད་གནང་དོན།ལྗོངས་ཡོངས་ཀྱི་དྲིལ་བསྒྲགས་འཐབ་ཕྱོགས་ཀྱིས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲིལ་བསྒྲགས་བསམ་བློའི་ལས་དོན་ཐད་བཏོན་གནང་བའི་དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་ལས་འགན་དང་འགན་འཁྲིའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱས་ཏེ། དྲིལ་བསྒྲགས་བསམ་བློའི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ལྗོངས་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ཀྱི་གནས་བབ་གལ་ཆེན་ཐོག་བཞག་ནས་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་དང་། བསམ་པའི་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གཅིག་ཏུ་འགྲིལ་བ། སྲ་ཞིང་བརྟན་པའི་བསམ་པའི་འདེགས་སྐྱོར་ཞུན་བརྡར་བཅས་བྱས་ཏེ། སེམས་པ་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་གཏོད་དགོས། མཐུན་སྒྲིལ་བརྟན་ལྷིང་གི་ངར་ཤུགས་དང་དྲང་ཕྱོགས་ནས་དྲིལ་བསྒྲགས་བྱེད་པའི་བརྗོད་དོན་གཙོ་བོ་མཐའ་འཁྱོངས་ཀྱིས་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་རྒྱུ་དར་སྤེལ་གཏོང་བ་དང་དྲང་ནུས་ཁྱབ་སྤེལ་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་མཐུན་སྒྲིལ་ཡར་བརྩོན་གྱི་སྟོབས་ཤུགས་ཆེན་པོ་སྐུལ་སློང་བྱེད་དགོས། དྲིལ་བསྒྲགས་བྱེད་ཚད་དང་གཏིང་ཟབ་ཚད་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱ་ཐབས་ཐོག་ནས་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་མི་དམངས་མང་ཚོགས་ཀྱི་རང་རྟོགས་བྱ་སྤྱོད་ལ་འགྱུར་བ་བྱས་ནས། མང་ཚོགས་ལ་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་འདོགས་པ་དངོས་འབྲེལ་ཤེས་སུ་བཅུག་སྟེ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་དགོས།
ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཚན་རྩལ་གསར་གཏོད་ལ་སྤྱི་ཡོངས་ནས་ཇུས་འགོད་དང་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་གནང་ནས་ཆོད་གཏམ་གསར་པ་དང་བླང་བྱ་གསར་པ་རབ་དང་རིམ་པ་བཏོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ་ཚན་རྩལ་གསར་གཏོད་ལ་བརྟེན་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་དང་སྣེ་ཁྲིད་བྱས་ཏེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་བརྟན་པོའི་ངང་སྐུལ་འདེད་གཏོང་བར་འགན་ལེན་བྱེད་དགོས། ཚན་རིག་ལག་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པའི་བསམ་བློ་བརྟན་པོ་བཙུགས་ཏེ་ཚན་ཞིབ་སློབ་གླིང་དང་མཐོ་སློབ་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མཚོ་བོད་ས་མཐོའི་ཐུན་མོང་མ་ཡིན་པའི་ས་ཁམས་དང་ཐོན་ཁུངས་ཀྱི་ལེགས་ཆ་སྤྱོད་པ། རིག་ཚན་འཛུགས་སྐྱོང་དང་ཚན་རིག་ཞིབ་འཇུག་གི་ཁ་ཕྱོགས་མགྱོགས་མྱུར་ལེགས་སྒྲིག་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ཚན་རྩལ་གྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།།