ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་སྤྱི་ལོ ༢༠༢༢ ལོའི་ལོ་གསར་ཤིས་ཚིག་ལ་ཉིན་ཤས་བསྟུད་མར་རྒྱལ་ཡོངས་ས་གནས་ཁག་ཏུ་ལན་ཆ་ཆེན་པོ་བྱུང་བ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས། དཀའ་སྤྱད་འབད་འཐབ་དང་རྒྱུན་བསྲིང་ལྷོད་མེད་བྱས་ན། གཞི་ནས་ལོ་རྒྱུས་ལ་ངོ་མི་གནོང་བ་དང་། དུས་རབས་ལ་ངོ་མི་གནོང་བ། མི་དམངས་ལ་ངོ་མི་གནོང་བ་བཅས་བྱེད་ཐུབ་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་མཉམ་དུ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་འབད་འཐབ་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།
གང་ཞིག་དམངས་ཀྱིས་སེམས་ཁྲལ་བྱེད་ས་དེ། ངས་ཅིས་ཀྱང་ཡིད་ལ་འཇོག་གཞི་ཡིན། གང་ཞིག་དམངས་ཀྱིས་རེ་སྒུག་བྱེད་ས་དེ། ངས་ཅིས་ཀྱང་ལེགས་པར་བསྒྲུབ་བྱ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་གསར་ཤིས་ཚིག་ནང་། སྒོ་ཀུན་གྱི་འབྱོར་འབྲིང་དང་དབུལ་ཕོངས་ལས་གྲོལ་བ་བྱས་པ་འདི་ནི་ང་ཚོའི་ཏང་གིས་མི་དམངས་ལ་ཁས་ལེན་བྱས་པའི་དམ་བཅའ་ཡིན་ལ། འཛམ་གླིང་ལ་ཕུལ་བའི་ལེགས་སྐྱེས་ཀྱང་ཡིན། ཚང་མ་འཚོ་བ་དེ་བས་ཡག་པ་སྐྱེལ་ཐུབ་པ་བྱེད་པར་མིག་སྔའི་གྲུབ་འབྲས་ལ་ཡིད་ཚིམ་ནས་སྡོད་རྒྱུ་མེད་པར་ད་དུང་ལམ་མང་པོ་བརྒྱུད་དགོས་ཞེས་གསུངས་ཡོད།
ཧུའུ་ནན་ཧྭ་ཧེང་རྫོང་ཧྲེ་པ་ཏུང་གྲོང་ཚོའི་ཧྲུའུ་ཅི་དང་པོ། གྲོང་གསེབ་དར་རྒྱས་ལས་དོན་རུ་ཁག་གི་རུ་དཔོན་ཐན་ཞའོ་ཡིས། འགན་འཁྲི་ཆེན་པོ་ཡོད་པའི་མྱོང་ཚོར་ཟབ་མོ་འདུག ང་ཚོའི་ཧྲེ་པ་ཏུང་གྲོང་ཚོས་གནད་འཕིགས་དབུལ་སྐྱོར་དར་སྤེལ་གཏོང་ཡུལ་དང་པོ་ཡིན་པའི་ཆབ་སྲིད་འགན་འཁྲི་བརྟན་པོ་བཙུགས་ནས་ནུས་ཤུགས་ཡོད་རྒུས་དབུལ་གྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་བ་དང་། དར་རྒྱས་ལྔ་ལ་གཞིགས་ནས་བྱེད་ཕོད་པ་དང་གཏོད་ཕོད་པ། སྒྲུབ་ཕོད་པ་བཅས་དང་། ད་ཡོད་ཀྱི་རྨང་གཞི་དང་ས་གནས་ཀྱི་ཁྱད་ཆོས། གོང་འཕེལ་གྱི་གཏིང་ཤུགས་བཅས་ལ་གཞི་ཚུགས་ཏེ་འགོ་འཛུགས་ས་དང་འགག་གཏོར་བྱ་གཞི་ཡག་པོ་བཙལ་ཐོག་ཞིང་ལས་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ་དང་། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་གོང་འཕེལ་ཡག་པོ་བཏང་ནས་དུས་རབས་གསར་པའི་གྲོང་གསེབ་དར་རྒྱས་ཁྲོད་མདུན་གྲལ་དུ་སྐྱོད་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
ཞི་ཀྲུའུ་ཞིའི་ལོ་གསར་གྱི་ཤིས་ཚིག་ཉན་རྗེས། ཤིན་ཅང་མ་ན་སི་རྫོང་ཧན་ཁ་ཙི་ཐན་ཧ་སག་ཁེ་ཤང་རྨིན་མ་འབྱུང་ཁམས་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་ཁ་ཁེར་ཧན་གྱིས། ད་ཆ་ང་ཚོའི་གྲོང་ཚོས་ཤ་ལུག་ཐོན་ལས་དང་རྔ་མོང་འོ་མའི་མཉམ་ལས་ཁང་འཕེལ་རྒྱས་བཏང་བ་བརྒྱུད་དེ་འབྲོག་པའི་འཚོ་བ་ཡག་ཏུ་ཕྱིན་ཡོད། སླད་ཕྱིན་ང་ཚོས་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་པ་དང་། དེང་རབས་ཅན་གྱི་ཞིང་ལས་དང་དེང་རབས་འབྲོག་ལས་གོང་འཕེལ་ཤུགས་ཆེར་བཏང་ནས་འབྲོག་པ་རྣམས་འབྱོ་འབྲིང་ལམ་བུའི་ཐོག་ཇི་ཙམ་སྐྱོད་ན་དེ་ཙམ་གྱིས་བདེ་སྐྱིད་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
འཛམ་གླིང་རྒྱལ་ཁབ་ཁག་གིས་སྐྱིད་སྡུག་མཉམ་མྱོང་། མཐུན་སྒྲིལ་མཉམ་ལས་བྱས་ན་གཞི་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་ལེའུ་གསར་པ་རྩོམ་ཐུབ། འདས་ཟིན་པའི་ལོ་གཅིག་རིང་། ཐེན་ཅིན་གྲུ་ཁའི་ལོའི་དོས་སྒམ་དབོར་འདྲེན་བྱེད་ཚད་དེ་ཚད་ལྡན་སྒམ་ཁྲི་ཉིས་སྟོང་ལས་བརྒལ་ཡོད། ཐེན་ཅིན་གྲུ་ཁ་ཚོགས་པའི་སྤྱི་འདོམས་པ་ཁྲུའུ་པིང་གིས། ཀྲུང་གོའི་དཔལ་འབྱོར་སྤུས་མཐོའི་གོང་འཕེལ་བྱུང་བའི་མཉེན་ཤུགས་ཆེན་པོ་དང་གྲུབ་འབྲས་བཟང་པོས་འཛམ་གླིང་དཔལ་འབྱོར་བརྟན་པོ་ཡོང་རྒྱུར་ཀྲུང་གོའི་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད། ང་ཚོས་ལོ་གསར་གྱི་ཤིས་ཚིག་དེ་མཛུབ་ཁྲིད་དང་སྒུལ་ཤུགས་སུ་བཟུང་ནས་གྲུ་ཁའི་གྲངས་གཞི་ཅན་གྱི་བརྗེ་སྒྱུར་ལ་སྐུལ་འདེད་བཏང་ཐོག འཛམ་གླིང་རྩེར་སོན་གྱི་རིག་ལྡན་གྲུ་ཁ་དང་གནོད་མེད་གྲུ་ཁ་གཏོད་རྒྱུ་ཡིན་ཞེས་གསུངས་ཡོད།
ཤིས་ཨན་རང་མོས་ཉོ་ཚོང་གྲུ་ཁའི་འཛུགས་སྐྲུན་གཉེར་སྐྱོང་ཚད་ཡོད་ཀུང་སིའི་ལས་དོན་པ་ཆང་ཏུང་ཧྥུང་གིས། ལོ་གསར་པའི་ནང་། ང་ཚོས་མུ་མཐུད་དེ་ཀྲུང་གོ་དང་ཡོ་རོབ་བར་གྱི་མེ་འཁོར་གྱི་ཁྲང་ཨན་རྟགས་ཅན་གྱི་ཕྱིར་ལོག་ཁ་གྲངས་གསར་སྤེལ་བྱེད་པ་དང་། ཀྲུང་གོ་དང་ཡོ་རོབ་བར་གྱི་མེ་འཁོར་གྱི་ཤིས་ཨན་བསྡུ་རུབ་ལྟེ་གནས་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོ་དང་ཡོ་རོབ་བར་གྱི་མེ་འཁོར་གྱིས་ཧྲའན་ཤིས་ཡི་ཕྱི་ཕྱོགས་རྣམ་པའི་དཔལ་འབྱོར་ལ་ཞབས་ཞུ་དེ་བས་ཡག་པ་བསྒྲུབ་པ་དང་། རྒྱལ་ཡོངས་ནུབ་ཕྱོགས་སུ་སྒོ་དབྱེ་བྱ་རྒྱུར་ཞབས་ཞུ་ཡག་པོ་བསྒྲུབ་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་གསར་གྱི་ཤིས་ཚིག་ནང་། སྐད་ཅིག་ཙམ་དུ་འདས་པའི་དུས་ཚོད་ནང་། ང་ཚོས་མཐོང་ཐུབ་པ་དང་མྱོང་ཐུབ་པའི་ཀྲུང་གོ་ནི་སྲ་བརྟན་འགྱུར་མེད་དང་དཔལ་ཡོན་རྒྱས་པའི་ཀྲུང་གོ་ཞིག་རེད། འདི་གར་གཅེས་པར་འོས་པའི་མི་དམངས་ཡོད་ལ། འགྱུར་ལྡོག་ཆེ་བའི་གོང་འཕེལ་ཡོད་ཁར། དེ་བས་མུ་མཐུད་རྒྱུན་འཛིན་བྱེད་པའི་བྱ་གཞག་ཀྱང་ཡོད་ཅེས་བསྟན་ཡོད།
ཁྲེན་ཏུའུ་གྲོང་ཁྱེར་སྤྱི་བདེ་ཅུད་འགྲིམ་འགྲུལ་དོ་དམ་ཅུད་ཀྱི་ཡན་ལག་ཅུད་དང་པོའི་རིམ་པ་དང་པོའི་ཉེན་རྟོག་དཔོན་ཧྲའོ་ཅུན་ཐའོ་ཡིས། ཞི་ཀྲུའུ་ཞིས་གསུངས་པ་ལྟར། སྣ་མང་རྙོག་འཛིང་ཆེ་བའི་དོན་དག་ཚང་མ་མདོར་བསྡུས་ནས་བཤད་ན་ཁྱིམ་ཚང་ཁྲི་སྟོང་མང་པོའི་དོན་དག་རེད། ངས་ཆེས་མཛེས་ཤོས་ཀྱི་གཞུང་ཞབས་པ་ཞེས་པའི་གཟི་བརྗིད་མཚན་སྙན་ལ་གཅེས་འཛིན་བྱས་ནས་མུ་མཐུད་དེ་གཟེར་སྡེབ་སྙིང་སྟོབས་དར་སྤེལ་གཏོང་བ་དང་རྒྱུན་འཛིན་ཡག་པོ་བྱས་ཏེ་གྲོང་མི་མི་རེ་ངོ་རེ་བདེ་བླག་ངང་ཕྱིར་སྐྱོད་ཐུབ་པ་དང་བདེ་ཐང་ངང་ཕྱིར་ལོག་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།
འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ལྷོ་རྒྱ་མཚོའི་མཚོ་འདྲེན་འགན་སྲུང་ལྟེ་གནས་ཀྱི་སན་ཧྲ་མཚོ་འགྲུལ་མཚོན་རྟགས་ཁྲུའུ་ཡི་ལས་དོན་པ་ཞི་ཧྲི་ཧྥུ་ཡིས། རྒྱལ་ཁབ་གོང་འཕེལ་གྱི་གནས་བབ་ཆེན་པོར་དམ་པོར་གཞིགས་ནས་རང་འཁྲིའི་ལས་དོན་ཡག་པོ་བསྒྲུབ་སྟེ་སན་ཧྲ་མཚོ་ཁོངས་སུ་ཡོང་བའི་གྲུ་གཟིངས་ཁག་ལ་ཕུལ་བྱུང་གི་ཕྱོགས་སྟོན་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་། ལྷོ་རྒྱ་མཚོའི་མཚོ་ཁོངས་ཀྱི་མཚོ་འགྲུལ་འགན་སྲུང་ལ་ཞབས་ཞུ་བསྒྲུབ་པའི་ཁྲོད་དུ་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།།