ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་སྐོང་འཚོགས་བྱས་ཏེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་ལས་དོན་སྙན་སེང་ཞུས་པར་གསན་པ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ལས་དོན་སྙན་ཞུ་གསན་པ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཟླ ༡ པོའི་ཚེས ༦ ཉིན་ཉིན་གང་པོར་གྲོས་ཚོགས་སྐོང་འཚོགས་བྱས་ཏེ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་ལས་དོན་སྙན་སེང་ཞུས་པར་གསན་པ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ལས་དོན་སྙན་ཞུ་གསན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
གྲོས་ཚོགས་ཐོག ཏང་ཡོན་ཁྲི ༩༥༠༠ ཡོད་པའི་རང་རེའི་ཏང་ཆེན་པོ་འདི་དང་མི་འབོར་དུང་ཕྱུར ༡༤ ལྷག་ཙམ་ཡོད་པའི་རྒྱལ་ཁབ་ཆེན་པོ་འདི་བཅོས་སྐྱོང་ཡག་པོ་བྱེད་པར་ངེས་པར་དུ་ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་དང་ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་རྩ་བའི་རྒྱུ་མཚན་ནི་ང་ཚོས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུར་གཡོ་འགུལ་མ་བཏང་བ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུར་གཡོ་འགུལ་མ་བཏང་བ་དེ་རེད། ཏང་ཀྲུང་དབྱང་གིས་ལོ་ལྟར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡི་ལས་དོན་སྙན་སེང་ཞུས་པ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ལས་དོན་སྙན་ཞུར་ཉན་པ་དེས་ཏང་གི་ཁྱོན་ཡོངས་འགོ་ཁྲིད་མཐའ་འཁྱོངས་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པའི་ཐད་དཔེ་སྟོན་གྱི་ནུས་པ་ཐོན་གྱི་ཡོད་པས། ཡུན་རིང་མཐའ་འཁྱོངས་བྱེད་དགོས་ཞེས་བསྟན་ཡོད།
གྲོས་ཚོགས་ཐོག འདས་ཟིན་པའི་ལོ་གཅིག་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་གཡོ་འགུལ་སྤུ་ཙམ་མེད་པར་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་གནས་བབ་ཧྲིལ་པོར་དམིགས་ནས་འགན་འཁྲི་སྒྲུབ་པ་དང་ཏང་ཙུའུ་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་འགོ་ཡག་པོ་ཞིག་འཛུགས་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བ་དང་། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་ཆེད་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད་ཅིང་། ཕྱོགས་ཁག་གི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།
གྲོས་ཚོགས་ཐོག འདས་ཟིན་པའི་ལོ་གཅིག་ནང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལྟར་རང་འགན་གཙང་སྒྲུབ་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུ་དང་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། མང་ཚོགས་དང་ཚོགས་པའི་ལས་དོན་དང་མང་ཚོགས་དང་ཚོགས་པའི་སྒྱུར་བཅོས་ལ་མཛུབ་ཁྲིད་བྱ་རྒྱུ་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་པའི་ངོས་འཛིན་བྱས་ཡོད་པ་རེད།
གྲོས་ཚོགས་ཐོག ད་ལོ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པ་དང་ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་མདུན་སྐྱོད་བྱེད་པའི་རྒྱང་སྐྱོད་གསར་པ་འགོ་བཙུགས་པའི་གལ་ཆེའི་ལོ་ཞིག་ཡིན་ཞིང་། རང་རེའི་ཏང་གིས་ཚོགས་ཆེན་ཉི་ཤུ་པ་སྐོང་འཚོག་བྱ་རྒྱུ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བྱེད་པ། རླབས་ཆེའི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དར་སྤེལ་གཏོང་བ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ཏེ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་བ་བྱ་དགོས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་གནས་བབ་ཧྲིལ་པ་དང་འཛམ་གླིང་གི་ལོ་ངོ་བརྒྱ་ལྷག་རིང་གི་འགྱུར་ལྡོག་ཆེན་པོ་བློ་ལ་བཅངས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་གྲ་སྒྲིག་དང་སྐོང་འཚོག་བྱ་རྒྱུར་རྩེ་གཅིག་ཏུ་དམིགས་ཏེ་ནུས་ཤུགས་ཡོད་རྒུ་འདོན་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ལོ་རྒྱུས་ཀྱི་བློ་སྤོབས་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་རྒྱུན་འཁྱོངས་བྱེད་པ། སེམས་ཁྲལ་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། འཕེལ་ཕྱོགས་ཆེན་པོར་རྟོག་ཞིབ་དང་། འགྱུར་ལྡོག་ལ་ཁ་གཏད་གཅོག་པ། མ་འོངས་པར་ཕྱོགས་པ། སེམས་ཤུགས་གཅིག་སྒྲིལ། འགན་འཁུར་ཕོད་པ་བཅས་གཟེར་འདེབས་ཀྱི་སྙིང་སྟོབས་བཅངས་ནས་ལས་དོན་ཁག་ཡག་པོ་བསྒྲུབ་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་བྱེད་པའི་སྤྱིའི་བླང་བྱ་ལྟར། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱས་ཏེ། ཏང་ཙུའུ་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ནན་ཏན་གྱིས་སྒྲུབ་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་ལག་ལེན་བསྟར་བའི་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་པོ་བྱེད་པ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་ཟམ་མི་ཆད་པར་བསྡུ་ལེན་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་པ། སྤོབས་སེམས་ཀྱིས་ཁེངས་པ་དང་སྙིང་སྟོབས་རབ་ཏུ་འཕེལ་བ་བཅས་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོག་བྱ་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་སྟོན་གནང་ཡོད།
གྲོས་ཚོགས་ཐོག ཀྲུང་དབྱང་ཧྲུའུ་ཅི་ཁྲུས་འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་། བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བྱེད་པ་བཅས་ཀྱིས་ཀྲུང་དབྱང་ཆབ་སྲིད་ཅུད་དང་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་བླང་བྱར་དམིགས་ནས། རང་ངོས་ཀྱི་འགན་འཁྲིའི་ངེས་གནས་ལ་གཞི་ཚུགས་པ་དང་། གཙོ་གནད་འབུར་ཐོན་གྱིས་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གིས་བསྒྲུབ་འགན་སྤྲད་པའི་ལས་འགན་ཁག་ལེགས་སྒྲུབ་ཡག་པོ་བྱེད་དགོས་པའི་ནན་སྟོན་གནང་བ་རེད།།