༼ཞི་ཅིན་ཕིང་གི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས་༽ཞེས་པ་པར་འགྲེམ་བྱས་པ།
ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཡིག་ཚགས་ཞིབ་འཇུག་ཁང་བཅས་ནས་རྩོམ་སྒྲིག་བྱས་པའི་༼ཞི་ཅིན་ཕིང་གི་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས་༽ཞེས་པའི་དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་དང་ཀྲུང་གོ་ཧྥང་ཀྲེང་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་བྱས་པ་དང་། རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས་ཡོད་པ་རེད། རང་ངོས་གསར་བརྗེ་བྱེད་ཕོད་པ་ནི་རང་རེའི་ཏང་འདི་ཉིད་སྲིད་ཏང་གཞན་དང་མི་འདྲ་བའི་མངོན་གསལ་དོད་པའི་མཚོན་རྟགས་ཤིག་རེད། ཏང་ནམ་ཡང་མི་ཕམ་པའི་གནས་སུ་གནས་དགོས་ན། རང་ངོས་གསར་བརྗེ་བྱ་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས། ལྟ་སྐུལ་གྱིས་ཏང་སྐྱོང་ཏང་བཅོས་དང་། རྒྱལ་སྐྱོང་སྲིད་འཛིན་ཐད་གནས་བབ་གལ་ཆེན་བཟུང་ཡོད། ང་ཚོས་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པ་དང་། ཡུན་རིང་སྲིད་འཛིན་བྱེད་པར་འཕྲད་པའི་འགྲན་རྩོད་ཆེ་ཤོས་ནི་དབང་ཆར་ལྟ་སྐུལ་བྱ་རྒྱུ་དེ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྔ་ན་མེད་པའི་དཔའ་སྟོབས་དང་བརྟན་ཤུགས་ཐོག་ནས་ཁྱོན་ཡོངས་ནས་ཏང་ནན་པོས་བཅོས་སྒྲིག་བྱས་པ་དང་། རང་ངོས་གསར་བརྗེའི་བྱ་ཐབས་སྣ་ཚོགས་བཟུང་ཡོད། ཏང་གིས་འགོ་ཁྲིད་ནས་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་བཏང་བ་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ས་གནས་རིམ་ཁག་ལྟ་ཞིབ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུར་སྐུལ་འདེད་བཏང་བ་དང་། སྐོར་གཟིགས་སྐོར་ཞིབ་དང་གོང་འོག་མཉམ་འགུལ་གྱི་གནས་སྟངས་བཙུགས་པ། ཏང་ནང་ཁུལ་གྱིས་ལྟ་སྐུལ་གྱིས་གཙོ་ཁྲིད་བྱེད་པ་དང་། སྣེ་རིགས་ཁག་གི་ལྟ་སྐུལ་སྦྲེལ་མཐུད་མཐུན་སྦྱོར་བྱེད་པའི་སྒྲིག་གཞི་བཙུགས་པ། དབང་ཆ་ལག་བསྟར་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་བ། སྤྱོད་གོ་ཆོད་པའི་དབང་ཆར་ལྟ་སྐུལ་བྱེད་པའི་ལམ་ལུགས་རབ་དང་རིམ་པ་བཙུགས་པ་དང་། དེ་ལྟར་ཏང་གིས་རང་ངོས་གཙང་བསྒྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེ། རང་ངོས་ཡར་རྒྱས་བཅས་ཡོང་བ་བྱེད་པའི་ལམ་ལུགས་སྒྲིག་སྲོལ་མ་ལག་ཅིག་ཆགས་པ་དང་། ཡུན་རིང་སྲིད་འཛིན་བྱེད་པའི་ཆ་རྐྱེན་འོག་རང་ངོས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། ལོ་རྒྱུས་དུས་འཁོར་ལས་ཐར་བ་བྱེད་པའི་ལེགས་གྲུབ་ལམ་བུ་ཞིག་འཚོལ་རྙེད་ཐུབ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་གཞིགས་ནས་སྤེལ་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་དེ་དག་གི་གཟིགས་རྒྱང་རིང་བ་དང་། ནང་དོན་ཕུན་སུམ་ཚོགས་པ། བསམ་བློ་གཏིང་ཟབ་པ་བཅས་ཡོད་ཅིང་། མི་དམངས་ལ་དབང་ཆར་ལྟ་སྐུལ་བྱེད་དུ་འཇུག་རྒྱུ་དང་། དབང་ཆ་ཉི་འོད་འོག་ལག་བསྟར་བྱེད་དུ་འཇུག་པ། དབང་ཆ་ལམ་ལུགས་ཀྱི་རླུང་ཙིའི་ནང་འཇུག་པ། མི་དམངས་ཀྱིས་སྤྲད་པའི་དབང་ཆ་དེ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་སྐྱིད་འཚོལ་བྱེད་དུ་སྤྱོད་རྒྱུར་འགན་སྲུང་བྱེད་པ། ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་གཏིང་ཟབ་སར་འཕེལ་རྒྱས་གཏོང་རྒྱུ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བ་བྱ་རྒྱུ་བཅས་ཀྱི་ཐད་ནས་བཤད་ན། གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་ཡོད་པ་རེད། ༼བཏུས་བསྒྲིགས་༽དེ་ཆེད་དོན་ཁག ༡༠ ལ་དབྱེ་ཡོད་པ་དང་། ཁྱོན་རྣམ་བཤད་དུམ་བུ ༣༧༡ ཡོད་ཅིང་། བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ལོ ༢༠༡༢ ལོའི་ཟླ ༡༡ པའི་ཚེས ༡༥ ཉིན་ནས་སྤྱི་ལོ ༢༠༢༡ ལོའི་ཟླ་བ ༡༡ པའི་ཚེས ༡༡ ཉིན་བར་སྤེལ་བའི་སྙན་ཞུ་དང་། གསུང་བཤད། གསལ་བཤད། མཛུབ་སྟོན་སོགས་ཡིག་ཚགས་གལ་ཆེན ༡༣༠ ལྷག་ཙམ་བསྡུས་ཡོད་པ་རེད། དེ་དག་ཁྲོད་ནས་རྣམ་བཤད་ཁག་གཅིག་ནི་ཡོངས་བསྒྲགས་ཐོག་སྤེལ་ཐེངས་དང་པོ་ཡིན་པ་རེད།།