རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྤྱི་ཚེས ༡༧ ཉིན་སྤྱི་ལོ ༢༠༢༢ ལོའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཀྱི་བརྙན་མཐོང་ཚོགས་འདུར་ཞུགས་པ་མ་ཟད་འགོ་བརྗོད་དུ།༼ཆོད་སེམས་བརྟན་པོ། ཞུམ་མེད་མདུན་སྐྱོད། ནད་ཡམས་རྗེས་ཀྱི་དུས་རབས་ཀྱི་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་གཏོད༽ཅེས་འཁོད་པའི་གཏམ་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་དང་ཐོག གཟའ་འཁོར་གཉིས་ཀྱི་རྗེས་སུ་ཀྲུང་གོའི་ལུགས་རྙིང་གི་སྟག་ལོའི་དཔྱིད་གསར་དུས་ཆེན་རེད། ཀྲུང་གོའི་རིག་གནས་ནང་སྟག་ནི་དཔའ་ངར་དང་སྟོབས་ཤུགས་ཀྱི་མཚོན་རྟགས་ཤིག་རེད། ཀྲུང་གོ་བའི་ངག་རྒྱུན་ནང་རྒྱ་སྟག་གཡུ་འབྲུག་ནང་ལྟར་ཞེས་པ་དང་སྟག་འགྱིང་འབྲུག་འཁོར་ཞེས་པ་སོགས་སྟག་དང་འབྲེལ་བའི་བདེ་རྩལ་དང་རྫིག་ཉམས་མཚོན་པའི་གཏམ་དཔེ་མང་པོ་ཡོད། མིག་སྔར་མིའི་རིགས་ལ་འཕྲད་པའི་འགྲན་རྩོད་དྲག་པོའི་མདུན་དུ། ང་ཚོས་སྟག་ལ་གཤོག་པ་ཐོགས་པ་དང་སྟག་ལྟར་ཟིལ་རྔམས་ལྡན་པའི་ཐོག་ནས་མདུན་སྐྱོད་ལམ་བུའི་ཐོག་གི་འགོག་རྐྱེན་སྣ་ཚོགས་དཔའ་ངར་ཆེན་པོས་སེལ་བ་དང་། ནུས་ཤུགས་ཡོད་རྒུས་ཏོག་གསར་གློ་ཚད་ནད་ཡམས་ཀྱི་ཤུགས་རྐྱེན་ངན་པ་སེལ་བ། དཔལ་འབྱོར་སྤྱི་ཚོགས་སླར་གསོ་གོང་འཕེལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས། རེ་བའི་ཉི་འོད་མིའི་རིགས་ཧྲིལ་པོར་འཕྲོ་བ་བྱ་དགོས་ཞེས་བསྟན་འདུག ཞི་ཅིན་ཕིང་གིས། དེང་གི་འཛམ་གླིང་འདིས་ལོ་བརྒྱའི་ནང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་མོ་ཞིག་བརྒྱུད་བཞིན་ཡོད། འགྱུར་ལྡོག་འདི་ནི་དུས་ཚོད་གཅིག་དང་དོན་དག་གཅིག རྒྱལ་ཁབ་གཅིག་དང་ས་ཁུལ་གཅིག་ཙམ་གྱི་འགྱུར་ལྡོག་ཙམ་མ་ཡིན་པར། གཏིང་ཟབ་ལ་རྒྱ་ཆེ་བའི་དུས་རབས་ཀྱི་འགྱུར་ལྡོག་ཆེན་པོ་ཞིག་རེད། དུས་རབས་ཀྱི་འགྱུར་ལྡོག་དང་དུས་རབས་ཀྱི་ནད་ཡམས་ཉིས་བརྩེགས་སུ་ཐོན་པས། འཛམ་གླིང་འདི་ཟིང་ཆ་ཆེ་བའི་འཕེལ་འགྱུར་གྱི་དུས་སྐབས་གསར་པ་ཞིག་ལ་སླེབས་ཡོད། གང་འདྲ་བྱས་ནས་ནད་ཡམས་ལས་རྣམ་པར་རྒྱལ་བ་བྱེད་དགོས་པ་དང་། གང་འདྲ་བྱས་ནས་ནད་ཡམས་རྗེས་ཀྱི་འཛམ་གླིང་བསྐྲུན་དགོས་པ་དེ། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཞིག་ཡིན་ལ། ང་ཚོས་ངེས་པར་དུ་ལན་རྒྱག་དགོས་པའི་ཁ་ཚ་དགོས་གཏུགས་ཀྱི་དྲི་གཞི་གལ་ཆེན་ཞིག་རེད་ཅེས་ནན་སྟོན་གནང་འདུག ཞི་ཅིན་ཕིང་གིས། རྒྱལ་ཁམས་དར་བར་མ་བྱས་ན་རྒུད་པར་ངེས། རྒྱལ་ཁམས་མ་བསྐྱངས་ཚེ་ཉམས་པར་ངེས། འཛམ་གླིང་ནི་འགལ་ཟླའི་འཁོར་རྒྱུག་ཁྲོད་གོང་འཕེལ་འགྲོ་བ་ཞིག་རེད། འགལ་ཟླ་མེད་ན་འཛམ་གླིང་མེད། ལོ་རྒྱུས་ལ་བལྟ་སྐབས། མིའི་རིགས་ནི་ཚོད་བགམ་སྣ་ཚོགས་ལས་རྣམ་པར་རྒྱལ་བའི་ཁྲོད་འཚར་ལོངས་འབྱུང་བ་དང་། ཉམས་ཉེན་སྣ་ཚོགས་ཁྱད་བསད་བྱེད་པའི་ཁྲོད་གོང་འཕེལ་འགྲོ་བཞིན་ཡོད། ང་ཚོས་ལོ་རྒྱུས་མདུན་སྐྱོད་ཀྱི་གཏན་ཚིགས་ཁྲོད་མདུན་སྐྱོད་དང་། དུས་རབས་གོང་འཕེལ་གྱི་རླབས་རྒྱུན་ཁྲོད་གོང་འཕེལ་ཡོང་བ་བྱ་དགོས། ལོ་རྒྱུས་ཀྱི་དུས་འཁོར་རིང་པོར་གཤིབ་བསྡུར་བྱེད་པའི་ཁྲོད་བསམ་གཞིགས་མཁས་པོ་བྱེད་དགོས་ལ། ཞིབ་ཚགས་སྒོ་ནས་བྱ་དངོས་ཀྱི་འགྱུར་ལྡོག་ལ་རྟོག་ཞིབ་མཁས་པོ་བྱེད་དགོས། ཉམས་ཉེན་ཁྲོད་ནས་གོ་སྐབས་གསར་པ་འཚོལ་བ་དང་། འགྱུར་ལྡོག་ཁྲོད་གནས་བབ་གསར་པ་བཏོད་ནས། དཀའ་ངལ་དང་འགྲན་རྩོད་ལས་རྣམ་པར་རྒྱལ་བ་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས་ཞེས་ནན་སྟོན་གནང་འདུག ཞི་ཅིན་ཕིང་གིས། གཅིག་ནས། ལག་སྦྲེལ་མཉམ་ལས་ཀྱིས་ནད་ཡམས་ལས་རྣམ་པར་རྒྱལ་བ་བྱ་དགོས། དོན་དངོས་ཀྱིས་སླར་ཡང་གསལ་བཤད་བྱས་པར། གོ་ལ་ཧྲིལ་པོ་ཅན་གྱི་ཉམས་ཉེན་གྱི་རླུང་རླབས་དྲག་པོའི་ནང་། རྒྱལ་ཁབ་ཁག་ནི་གྲུ་ཆུང་ ༡༩༠ ཡི་ཐོག་བསྡད་པ་ཞིག་མིན་པར། ལས་དབང་གཅིག་ཏུ་འབྲེལ་བའི་གྲུ་བོ་ཆེ་ཞིག་གི་ཐོག་བསྡད་ཡོད། གྲུ་ཆུང་གིས་རླབས་དྲག་པོ་ཐེག་མི་ཐུབ་ཅིང་། གྲུ་བོ་ཆེས་རླབས་རྒྱུན་དྲག་པོ་ཐེག་ཐུབ། ཆོད་སེམས་བརྟན་པོ་དང་ཕྱར་བ་གྲུ་འདེགས་ནི་ནད་ཡམས་ལས་རྣམ་པར་རྒྱལ་བ་བྱེད་པའི་ཡང་དག་པའི་ལམ་བུ་ཉག་ཅིག་དེ་རེད། ཕན་ཚུན་རྙོག་དྲ་བཟོ་རེས་བྱེད་པ་དང་ཁུངས་མེད་ངང་ལེ་ཁག་དཀྲི་རེས་བྱེད་པའི་བྱ་སྤྱོད་གང་རུང་གིས་གོ་སྐབས་ཤོར་བར་བྱེད་པ་དང་གནས་བབ་ཧྲིལ་པོར་འགོག་རྐྱེན་བཟོ་རྒྱུ་རེད་ཅེས་ནན་སྟོན་གནང་འདུག ཞི་ཅིན་ཕིང་གིས། རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། སྨན་རྫས་ཞིབ་འཇུག་གསར་སྤེལ་གྱི་མཉམ་ལས་ཧུར་ཐག་བྱས་ནས། རིམས་འགོག་ཀྱི་ལྕགས་རི་ཕྱོགས་མང་པོ་ནས་མཉམ་དུ་བསྐྲུན་པ་དང་། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་མ་ལག་གང་མགྱོགས་བསྐྲུན་དགོས། ལྷག་པར་དུ་རིམས་འགོག་སྨན་གྱི་མཚོན་ཆ་འདི་ལེགས་པར་སྤྱོད་པ་དང་། རིམས་འགོག་སྨན་བགོ་བཤའ་བཏང་སྙོམས་ཡོང་བར་འགན་སྲུང་བྱེད་པ། སྨན་ཁབ་རྒྱག་པའི་མྱུར་ཚད་མགྱོགས་སུ་གཏོང་བ། རྒྱལ་སྤྱིའི་རིམས་འགོག་གི་སྟོང་ཆ་གསབ་པ་བཅས་བྱས་ནས། ཚེ་སྲོག་བདེ་ཐང་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། མི་དམངས་ཀྱི་འཚོ་བར་འགན་སྲུང་ཡག་པོ་བྱ་དགོས་ཞེས་ནན་སྟོན་གནང་འདུག གཉིས་ནས། ཉམས་ཉེན་སྣ་ཚོགས་སེལ་ནས་འཛམ་གླིང་གི་དཔལ་འབྱོར་བརྟན་པོའི་ངང་སླར་གསོ་ཡོང་བ་བྱ་དགོས། འཛམ་གླིང་གི་དཔལ་འབྱོར་མིག་སྔར་ཉམས་ཞན་གནས་ལས་ཐར་བཞིན་ཡོད། ཡིན་ནའང་འགོག་རྐྱེན་མང་པོ་འཕྲད་ཡོད། ང་ཚོས་རྒྱུན་རྣམ་ཅན་གྱི་ནད་ཡམས་འགོག་སྲུང་བྱེད་པའི་ཆ་རྐྱེན་འོག་གི་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ནུས་གསར་པ་དང་། སྤྱི་ཚོགས་འཚོ་བའི་དཔེ་རྣམ་གསར་པ། མི་སྣ་འགྲོ་འོང་གི་ཐབས་ལམ་གསར་པ་བཅས་འཚོལ་ཞིབ་བྱེད་པ་དང་། མངའ་ཁོངས་ལས་བརྒལ་བའི་ཉོ་ཚོང་སྟབས་བདེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བདེ་འཇགས་ཤར་གཏོང་ཐུབ་རྒྱུར་འགན་སྲུང་བྱེད་པ་བཅས་བྱས་ནས། འཛམ་གླིང་དཔལ་འབྱོར་སླར་གསོའི་འཕེལ་རིམ་དེ་བརྟན་བགྲོད་དང་དངོས་བགྲོད་ཐུབ་པ་བྱ་དགོས། འཛམ་གླིང་རྒྱལ་ཁབ་ཁག་གིས་དོན་ངོ་མའི་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ཐོག གྱང་བཤིག་པ་ལས་གྱང་མི་བསྐྲུན་པ་དང་། སྒོ་ཕྱེ་བ་ལས་སྒོ་བཀག་རང་སྡོམ་མི་བྱེད་པ། མཉམ་འདྲེས་བྱེད་པ་ལས་ཁ་བྲལ་ལོག་དབྱེ་མི་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། སྒོ་དབྱེའི་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་སྐྲུན་པ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དེ་དེ་བས་སྒོ་དབྱེ་དང་། ཁོག་ཡངས། ཀུན་ཕན། དོ་སྙོམས། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་གོང་འཕེལ་འགྲོ་བ་བྱེད་དགོས་པ་དང་། འཛམ་གླིང་དཔལ་འབྱོར་གྱི་གསོན་ཤུགས་ཡོངས་སུ་འདོན་སྤེལ་ཐུབ་པ་བྱ་དགོས་ཞེས་ནན་སྟོན་གནང་འདུག ཞི་ཅིན་ཕིང་གིས། འཛམ་གླིང་དཔལ་འབྱོར་ཉམས་ཉེན་ལས་ཐར་བ་དང་སླར་གསོ་ཐུབ་པ་བྱེད་པར་ངེས་པར་དུ་སྤྱི་ཡོངས་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས། དཔལ་འབྱོར་མ་ལག་གཙོ་བོ་ཁག་གིས་ཐུན་མོང་འདུ་ཤེས་འཛུགས་པ་དང་། མ་ལག་ལྟ་ཚུལ་ཤུགས་ཆེར་གཏོང་བ། སྲིད་ཇུས་ཆ་འཕྲིན་ཁ་གསལ་དང་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ། ནོར་སྲིད་དང་དངུལ་ལོར་སྲིད་ཇུས་ཀྱི་དམིགས་ཚད་དང་། ཤུགས་ཚད། འགྲོས་ཚད་བཅས་མཐུན་སྦྱོར་ཡག་པོ་བྱེད་དགོས། དར་རྒྱས་ཆེ་བའི་རྒྱལ་ཁབ་གཙོ་གྲས་ཀྱིས་འགན་འཁུར་བའི་དཔལ་འབྱོར་སྲིད་ཇུས་སྤྱད་ནས། སྲིད་ཇུས་ཀྱི་ཕྱིར་ལུད་ནུས་འབྲས་ལ་ཚོད་འཛིན་ཡག་པོ་བྱེད་པ་དང་། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་བརྡབ་གསིག་ཚབས་ཆེན་མ་ཕོག་པ་བྱེད་དགོས། རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩའི་ལས་ཁུངས་ཀྱིས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་དང་། རྒྱལ་སྤྱིའི་གྲོས་མཐུན་གཅིག་སྡུད་བྱེད་པ། སྲིད་ཇུས་ཀྱི་མཐུན་སྦྱོར་ཤུགས་ཆེར་གཏོང་བ་བཅས་བྱས་ནས། མ་ལག་རང་བཞིན་གྱི་ཉམས་ཉེན་སྔོན་འགོག་བྱ་དགོས་ཞེས་ནན་སྟོན་གནང་འདུག གསུམ་ནས། མཆོང་སྐྱོད་ལྟ་བུའི་གོང་འཕེལ་གྱི་འགལ་རྐྱེན་བསལ་ནས་གོ་ལ་ཧྲིལ་པོའི་གོང་འཕེལ་བྱ་གཞག་བསྐྱར་དར་ཡོང་བ་བྱེད་དགོས། གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་འཕེལ་རིམ་ལ་བརྡབ་གསིག་ཚབས་ཆེན་འབྱུང་བཞིན་ཡོད་པ་དང་མིའི་རིགས་ཀྱི་གོང་འཕེལ་སྟོན་གྲངས་ལོ་ངོ་ ༣༠ ཡི་རིང་ཐོག་མར་ཆག་བཞིན་ཡོད། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གཅིག་ནད་ཡམས་ཀྱིས་རྐྱེན་པས་དབུལ་ལོག་ཐེབས་པ་དང་ནད་ཡམས་ཀྱིས་རྐྱེན་པས་ཟང་ཟིང་དུ་གྱུར་ཞིང་། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་མི་མང་པོ་ཞིག་ཀྱང་འཚོ་བ་དཀའ་གནད་དུ་གྱར་ཡོད། དཀའ་ངལ་གང་ཞིག་འཕྲད་ཀྱང་། ང་ཚོས་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་ཀྱིས་གོང་འཕེལ་ལ་སྐུལ་འདེད་དང་དམངས་འཚོར་འགན་ལེན་བྱ་རྒྱུ་དེ་གོ་ལ་ཧྲིལ་པོའི་སྤྱི་ཁོག་སྲིད་ཇུས་ཀྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ལོ ༢༠༣༠ ལོའི་རྒྱུན་མཐུད་གོང་འཕེལ་གྱི་གྲོས་རིམ་དོན་འཁྱོལ་བྱེད་པ་དང་། ད་ཡོད་ཀྱི་གོང་འཕེལ་མཉམ་ལས་ལམ་སྲོལ་མཐུན་སྦྱོར་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོ་དོ་སྙོམས་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་གནང་འདུག ཞི་ཅིན་ཕིང་གིས། ང་ཚོས་ཐུན་མོང་ཡིན་ཡང་དབྱེ་བ་ཡོད་པའི་འགན་འཁྲིའི་རྩ་དོན་རྒྱུན་འཁྱོངས་ཀྱིས་གོང་འཕེལ་གྱི་སྒྲོམ་གཞིའི་ནང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་ནས།༼མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས༽ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་དྲུག་པའི་གྲུབ་འབྲས་དོན་འཁྱོལ་བྱེད་དགོས། དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཚན་གྱིས་བཙོག་འབུད་ཉུང་གཏོང་གི་འགན་འཁྲི་སྔོན་ལ་སྒྲུབ་པ་དང་། མ་དངུལ་དང་ལག་རྩལ་གྱི་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་དོན་འཁྱོལ་བྱས་ནས། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་རྒྱུན་མཐུད་གོང་འཕེལ་མངོན་འགྱུར་ཡོང་ཆེད་དགོས་ངེས་ཀྱི་ཆ་རྐྱེན་གཏོད་དགོས། གོ་ལ་ཧྲིལ་པོའི་གོང་འཕེལ་གྱི་གྲོས་འགོ་ནི་འཛམ་གླིང་ཡོངས་ལ་སྒོ་མོ་འབྱེད་པའི་སྤྱི་པའི་ཐོན་རྫས་ཤིག་རེད། ཀྲུང་གོས་ཕྱོགས་ཁག་དང་མཉམ་དུ་མཉམ་ལས་བྱས་ཏེ་ཐུན་མོང་ཐོག་གྲོས་འགོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གང་རུང་ཞིག་ཀྱང་རྗེས་ལུས་མི་ཐེབས་པ་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད། བཞི་ནས། འཇམ་འཐབ་ཀྱི་བསམ་བློ་དོར་ནས་ཞི་བདེ་མཉམ་གནས་དང་གཉིས་ཕན་མཉམ་རྒྱལ་ཡོང་བ་བྱེད་དགོས། དེང་གི་འཛམ་གླིང་ནི་ཞི་བདེ་དེ་ཙམ་མེད་པར། འཁོན་འཛིན་དང་ཕྱོགས་རིས་ཀྱི་གཏམ་བརྗོད་ངན་སྐུལ་བྱེད་མཁན་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད་པས། དེ་ལས་བྱུང་བའི་བཀག་རྒྱ་སྣ་ཚོགས་དང་མགོ་གནོན་བྱེད་པ། ཐ་ན་འགྲན་རྒོལ་བྱེད་པ་བཅས་ཀྱིས་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ལ་གནོད་པ་བརྒྱ་ལས་ཕན་པ་གཅིག་ཀྱང་མེད། ལོ་རྒྱུས་ཀྱིས་ཡང་དང་བསྐྱར་དུ་ར་སྤྲོད་བྱས་པར། ཁ་གཏད་དུ་ལངས་པ་ནི་ཕན་ཐོགས་གང་ཡང་མེད་པ་མ་ཟད། ད་དུང་གནོད་འཚེའི་རང་བཞིན་ལྡན་པའི་མཇུག་འབྲས་ཀྱང་འབྱུང་སྲིད་པ་རེད། སྲུང་སྐྱོབ་རིང་ལུགས་དང་ཕྱོགས་རྐྱང་པའི་རིང་ལུགས་སྤེལ་ན་སུས་ཀྱང་སྲུང་སྐྱོབ་བྱེད་མི་ཐུབ་ཅིང་། མཐར་རང་གཞན་གཉིས་ཀར་གནོད་འཚེ་ཕོག་སྲིད། བཙན་དབང་དང་ཧམ་གཉེར་བྱེད་པ་ནི་དེ་བས་ཀྱང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་ལྡོག་པ་ཞིག་རེད། རྒྱལ་ཁབ་བར་དུ་འགལ་བ་དང་མི་མཐུན་པའི་ཆ་འབྱུང་སྲིད་པ་ནི་གཡོལ་ཐབས་མེད་པ་ཞིག་རེད། འོན་ཀྱང་ཁྱོད་ཕམ་ང་རྒྱལ་གྱི་རྒྱལ་ཕམ་འགྲན་རྩོད་བྱས་ན་ཕན་ཐོགས་གང་ཡང་མེད། ཞི་བདེ་གོང་འཕེལ་དང་མཉམ་ལས་མཉམ་རྒྱལ་ནི་མི་ཡུལ་གྱི་འགྲོ་ལམ་ཡང་དག་རེད། རྒྱལ་ཁབ་མི་འདྲ་བ་དང་ཤེས་དཔལ་མི་འདྲ་བ་ཕན་ཚུན་བརྩི་འཇོག་བྱེད་པའི་ཁྲོད་ཐུན་མོང་ཐོག་གོང་འཕེལ་གཏོང་བ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱེད་པའི་ཁྲོད་མཉམ་ལས་མཉམ་རྒྱལ་ཡོང་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ཞི་ཅིན་ཕིང་གིས། ང་ཚོས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་ནས་རྒྱལ་སྤྱིའི་སྒྲིག་ལམ་བརྟན་པོ་ཡོང་རྒྱུར་གཞོལ་ཏེ་མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། གླེང་མོལ་རྒྱུན་འཁྱོངས་བྱེད་པ་ལས་ཁ་གཏད་དུ་མི་ལངས་པ་དང་། ཁོང་ཡངས་བྱེད་པ་ལས་གཞན་ཟུར་འབུད་མི་བྱེད་པ། རྣམ་པ་གང་རུང་གི་ཕྱོགས་རྐྱང་པའི་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་དང་རྣམ་པ་གང་རུང་གི་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ཞི་ཅིན་ཕིང་གིས། ན་ནིང་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་ལོ་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་དཀའ་སྤྱད་འབད་བརྩོན་ཡུན་རིང་བྱས་པས། རྒྱལ་ཁབ་ཀྱི་འཛུགས་སྐྲུན་གོང་འཕེལ་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་གཏོང་བའི་ཐད་འཛམ་གླིང་ཡོངས་ཀྱིས་བརྩི་མཐོང་བྱེད་པའི་གྲུབ་འབྲས་ཐོབ་ཡོད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བ་བྱེད་པའི་དམིགས་འབེན་དུས་བཀག་ལྟར་མངོན་འགྱུར་བྱུང་བ། དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ། ལོ་རྒྱུས་རང་བཞིན་གྱིས་བལྟོས་མེད་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བཅས་བྱས་ཡོད་ལ། ད་ལྟ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་བཞིན་ཡོད་ཅེས་ནན་སྟོན་གནང་འདུག ཞི་ཅིན་ཕིང་གིས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོའི་དཔལ་འབྱོར་གྱི་སྤྱིའི་འཕེལ་ཕྱོགས་ཡག་པོ་ཡོད། ན་ནིང་ཀྲུང་གོའི་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་བརྒྱ་ཆ ༨ ཡས་མས་འཕར་ནས། འཕར་ཚད་ཅུང་མཐོ་བ་དང་དངུལ་ལོར་འགྲེམས་ཐལ་ཤོར་ཚད་ཅུང་དམའ་བའི་དམིགས་འབེན་ཉིས་བརྩེགས་མངོན་འགྱུར་བྱུང་ཡོད། མ་གཞི་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་ཁོར་ཡུག་གི་འགྱུར་ལྡོག་ལས་བྱུང་བའི་གནོན་ཤུགས་ཆེན་པོ་འཕྲད་ཡོད་མོད། འོན་ཀྱང་ཀྲུང་གོའི་དཔལ་འབྱོར་གྱི་མཉེན་ཤུགས་ཆེ་བ་དང་། མི་མངོན་པའི་སྟོབས་ཤུགས་འདང་ངེས་ཡོད་པ། ཡུན་རིང་ལེགས་པའི་ཕྱོགས་སུ་གོང་འཕེལ་འགྲོ་བ་བཅས་ཀྱི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད་པས། ང་ཚོས་ཀྲུང་གོའི་དཔལ་འབྱོར་གོང་འཕེལ་གྱི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། ཀྲུང་གོས་མིའི་ཁྱོན་ཡོངས་གོང་འཕེལ་དང་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་ངོ་བོའི་རང་བཞིན་གྱི་འཕེལ་རིམ་དེ་བས་མངོན་གསལ་དོད་པོ་ཐོན་པ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་གསལ་པོར་བཏོན་ཡོད་ལ། དེའི་ཆེད་དུ་ཕྱོགས་གང་ཅིའི་ཐད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་ནན་སྟོན་གནང་འདུག ཞི་ཅིན་ཕིང་གིས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་ནམ་ཡང་བྱེད་བཞིན་ཡོད། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་ནའང་། ཀྲུང་གོས་བསྒྱུར་བཅོས་སྒོ་དབྱེའི་དར་ཆ་མཐོན་པོར་བསྒྲེང་རྒྱུ་ཡིན། ཀྲུང་གོས་མུ་མཐུད་ཁྲོམ་རས་ཐོན་ཁུངས་བགོ་སྒྲིག་ཁྲོད་དུ་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་དུ་འཇུག་རྒྱུ་དང་། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་གོང་འཕེལ་གཏོང་བ། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་སྐུལ་མ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱ་རྒྱུ་ཡིན་ཞེས་ནན་སྟོན་གནང་འདུག ཞི་ཅིན་ཕིང་གིས། ཀྲུང་གོས་སྒོ་དབྱེ་གཅིག་གྱུར་དང་འགྲན་རྩོད་ལུགས་མཐུན་གྱི་ཁྲོམ་རའི་མ་ལག་ཅིག་བཙུགས་ནས། ཁེ་ལས་ཚང་མ་བཅའ་ཁྲིམས་ཀྱི་མདུན་དུ་གནས་བབ་འདྲ་མཉམ་དང་ཁྲོམ་རའི་མདུན་དུ་གོ་སྐབས་འདྲ་མཉམ་ཡོང་རྒྱུར་འགན་ལེན་བྱ་རྒྱུ་ཡིན། རིགས་ཁག་གི་མ་རྩས་ཀྲུང་གོར་ཁྲིམས་མཐུན་ལུགས་མཐུན་ངང་ལས་གཉེར་བྱས་ཏེ་ཀྲུང་གོའི་གོང་འཕེལ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོས་མུ་མཐུད་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་སྲོལ་དང་། དོ་དམ། ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་དབྱེ་བརྟན་པོར་བྱེད་པ། ཕྱི་རྒྱལ་མ་རྩའི་ཁེ་ལས་ལ་རྒྱལ་དམངས་ཀྱི་ཐོབ་ཐང་དོན་འཁྱོལ་བྱེད་པ། རྒྱུད་གཅིག་ལམ་གཅིག་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་ནན་སྟོན་གནང་འདུག ཞི་ཅིན་ཕིང་གིས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་ཡིན། དཔལ་འབྱོར་གོང་འཕེལ་གཏོང་སྐབས་ཉ་ལ་རྔམ་ནས་རྫིང་ཆུ་གློད་པ་ལྟར་མི་བྱེད་པར་ཐོན་ཁུངས་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཡག་པོ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་སྐབས་ཀྱང་དཔལ་འབྱོར་གོང་འཕེལ་བློས་བཏང་ནས་ལྗང་པ་རྡོ་འཛུགས་བྱེད་མི་རུང་། ཀྲུང་གོས་སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། རི་ཆུ་ནགས་ཞིང་དང་མཚོ་རྩྭ་བྱེ་ས་བཅས་ལ་གཞི་གཅིག་སྒོ་ནས་སྲུང་སྐྱོབ་དང་མ་ལག་རང་བཞིན་གྱི་བཅོས་སྒྲིག་བྱ་རྒྱུར་སྐུལ་འདེད་བཏང་ནས། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། སྦགས་བཙོག་འགོག་བཅོས་བྱ་རྒྱུར་ཤུགས་སྣོན་རྒྱག་པ། མི་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཁོར་ཡུག་ལེགས་བཅོས་བཅས་བྱེད་དགོས་ཞེས་ནན་སྟོན་གནང་འདུག ཞི་ཅིན་ཕིང་གིས། ཐཱན་རྩེ་གྲངས་ལ་སླེབས་པ་དང་ཐཱན་བཏང་སྙོམས་ཡོང་བ་བྱེད་པ་ནི་ཀྲུང་གོ་ཉིད་སྤུས་མཐོའི་གོང་འཕེལ་ཡོང་བ་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན་ལ། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བཞག་པའི་བརྗིད་ཆེའི་ཁས་ལེན་ཞིག་ཀྱང་ཡིན། ཀྲུང་གོས་མུ་མཐུད་ཁས་ལེན་དེ་ལག་ལེན་བསྟར་བ་དང་དེར་སྐུལ་འདེད་མཐའ་གཅིག་ཏུ་གཏོང་སྲིད། ཐཱན་རྩེ་གྲངས་ལ་སླེབས་པ་དང་ཐཱན་བཏང་སྙོམས་ཡོང་བ་བྱེད་པ་ནི་འཐབ་ཐེངས་གཅིག་ལ་རྣམ་པར་རྒྱལ་ཐུབ་པ་ཞིག་མིན། ཀྲུང་གོས་དཔེ་བཞག་རིགས་འདྲེས་དང་ལས་དོན་ཏན་ཏིག་སྒྲུབ་ནས། ནུས་རྒྱུ་གསར་པས་ཁུངས་འཕེར་ཚབ་བརྗེ་བྱེད་པའི་བརྒྱུད་རིམ་ཁྲོད་སྲོལ་རྒྱུན་ནུས་རྒྱུ་རིམ་བཞིན་ཉུང་དུ་བཏང་སྟེ་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་བརྟན་པོ་ཡོང་རྒྱུར་འགན་ལེན་བྱ་རྒྱུ་ཡིན། ཀྲུང་གོས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་ངང་སྤེལ་ནས་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དེ་ཁྱོན་ཡོངས་སྦགས་མེད་ཕྱོགས་སུ་བརྗེ་བསྒྱུར་ཐུབ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད་པ་རེད།།