ཞི་ཅིན་ཕིང་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ཧྲན་ཞི་རུ་གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བར་ཕེབས་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མང་ཚོགས་ལ་དཔྱིད་གསར་གྱི་སྨོན་འདུན་བཟང་པོ་ཞུས་གནང་བ་དང་མི་རིགས་ཁག་གི་མི་དམངས་རྣམས་བདེ་ཞིང་སྐྱིད་པ་དང་རླབས་ཆེན་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པའི་བཀྲ་ཤིས་སྨོན་འདུན་ཞུས་གནང་བ།
ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་དཔྱིད་གསར་དུས་ཆེན་སླེབས་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཧྲན་ཞི་རུ་ཕེབས་ནས་གཞི་རིམ་ལས་བྱེད་མང་ཚོགས་ལ་གཟིགས་པ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། སྤུན་ཟླ་ཤང་ཀང་བ་དང་། ཨའོ་མོན་བ། ཐའེ་ཝན་བ། ཕྱིར་སྡོད་རང་མིའི་སྤུན་ཟླ་བཅས་ལ་དཔྱིད་གསར་གྱི་བཀྲ་ཤིས་སྨོན་འདུན་ཞུས་གནང་བ་དང་། ཚང་མ་གཟུགས་གཞི་བདེ་ཐང་དང་། ལས་དོན་ལྷུན་གྲུབ། ཁྱིམ་ཚང་བདེ་སྐྱིད། སྟག་ལོར་བཀྲ་ཤིས་ཡོང་བ་བཅས་ཀྱི་སྨོན་འདུན་ཞུས་གནང་བ། རླབས་ཆེན་མེས་རྒྱལ་གྱི་རི་ཀླུང་མཛེས་ཤིང་སྡུག་པ་དང་། ཆར་ཆུ་དུས་སུ་འབབ་པ། རྒྱལ་སྲིད་དར་ཞིང་རྒྱས་པ། མི་དམངས་བདེ་ཞིང་སྐྱིད་པ། སྟོབས་འབྱོར་མངའ་ཐང་རྒྱས་པ་བཅས་ཀྱི་སྨོན་འདུན་ཞུས་གནང་ཡོད།
སྤྱི་ཟླ ༡ ཚེས ༢༦ ཉིན་ནས་ཚེས ༢༧ ཉིན་བར། ཞི་ཅིན་ཕིང་ཧྲན་ཞི་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིན་ཝུའུ་དང་ཞིང་ཆེན་འགོ་འཛིན་ལན་ཧྥོ་ཨན་གཉིས་ཀྱིས་ཕེབས་རོགས་འོག་ལིན་ཧྥན་དང་ཅིན་ཀྲུང་སོགས་སུ་ཕེབས་ཏེ། གྲོང་གསེབ་དང་། རིག་དངོས་སྲུང་སྐྱོབ་སྡེ་ཚན། ཁེ་ལས་སོགས་ལ་གཟིགས་ཞིབ་དང་རྟོག་ཞིབ་གནང་བ་དང་། གཞི་རིམ་གྱི་ལས་བྱེད་མང་ཚོགས་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་འཚམས་འདྲི་བསྣམས་ཡོད་པ་རེད།
སྤྱི་ཚེས ༢༦ ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ནས་ཁ་བ་བབས་པར་ཐུགས་འཛེམས་མ་གནང་བར་ལིན་ཧྥན་གྲོང་ཁྱེར་དུ་གཟིགས་ཞིབ་དང་རྟོག་ཞིབ་གནང་བར་ཕེབས་ཡོད། ན་ནིང་སྤྱི་ཟླ་ ༡༠ པའི་ནང་། ཧྲན་ཞི་རུ་གནམ་གཤིས་ཟིན་ཐོ་ཡོད་ཚུན་གྱི་སྟོན་དུས་འབྲུབ་ཆུ་རྒྱས་པའི་གནས་ཚུལ་ཐོན་ནས། ཞིང་ཆེན་དེ་ཡོངས་ཀྱི་གྲོང་ཁྱེར ༡༡ ལ་གནོད་འཚེ་བཟོས་ཡོད། ཧུའོ་ཀྲོའུ་གྲོང་ཁྱེར་ཧྲི་ཀྲོང་ཤང་ཧྥུང་ནན་ཡོན་གྲོང་ཚོ་ནི་ལིན་ཧྥན་གྲོང་ཁྱེར་གྱི་ཞིང་པའི་ཁང་པར་གཏོར་སྐྱོན་ཐེབས་ཆེ་ཤོས་ཀྱི་གྲོང་ཚོའི་གྲས་ཤིག་ཡིན་ཞིང་། ཞི་ཅིན་ཕིང་ཆེད་མངགས་དེ་གར་གནོད་འཚེ་ཕོག་པའི་མང་ཚོགས་ལ་གཟིགས་པར་ཕེབས་ཡོད། ཁོང་གིས་ཧྲན་ཞི་ཡི་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་གྱི་གནས་ཚུལ་དང་། སྟོན་དགུན་ནམ་དུས་གཉིས་ཀྱི་གསབ་འདེབས་བྱེད་ཚུལ། མང་ཚོགས་རྣམས་ནས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་དུས་སྐྱེལ་རྒྱུར་འགན་ལེན་བྱེད་ཚུལ། གནོད་འགོག་གནོད་སེལ་བྱེད་ཚུལ། བབ་བསྟུན་མྱུར་སྒྲུབ་མ་ལག་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་སྙན་སེང་ཞུས་པར་གསན་གནང་བ་དང་། དེ་རྗེས་གནོད་འཚེ་ཕོག་པའི་གྲོང་མི་ཧྲི་ཧུང་པིང་གི་ཁྱིམ་དུ་གཟིགས་པར་ཕེབས་ཡོད།
ཧྲི་ཧུང་པིང་གི་ཁྱིམ་གྱི་ས་ཕུག་ཁང་པ་བཞི་ན་ནིང་དྲག་ཆར་ཆེན་པོའི་ཁྲོད་ཚང་མ་བརྡིབས་ཡོད་པ་དང་། སྲིད་གཞུང་གིས་ཁ་གསབ་རོགས་དངུལ་བཏོན་པ་དང་ཕྱོགས་ཁག་ནས་རོགས་སྐྱོར་བྱས་པའི་འོག་སྒྲིག་སྦྱོར་ཅན་གྱི་སྡོད་ཁང་གཉིས་བསྐྱར་སྐྲུན་བྱས་ཤིང་། མིག་སྔར་ནང་དུ་སྡོད་ཐུབ་པ་བྱུང་ཡོད། ཞི་ཅིན་ཕིང་གིས་སྒོ་ར་དང་། སྡོད་ཁང་སོགས་ལ་ཞིབ་ཕྲ་གཟིགས་གནང་ཞིང་། ཧྲི་ཧུང་པིང་ཁྱིམ་ཚང་ནས་ལོ་གསར་བག་ལེབ་བཟོ་བཞིན་པ་གཟིགས་སྐབས། ཞི་ཅིན་ཕིང་གིས་མཉམ་དུ་མེ་ཏོག་ཞིག་བཟོས་གནང་བ་མ་ཟད། ཟན་གོང་ཐོག་ཁ་སུར་དམར་པོ་ཞིག་བརྒྱན་གནང་ཡོད། དགོད་སྒྲས་ཁེངས་པའི་ཁྲོད་དུ་། ལོ་གསར་བག་ལེབ་མང་པོ་བཟོས་ཤིང་། དེ་བས་རྟེན་འབྲེལ་གྱི་རྣམ་པས་ཕྱུག་པར་གྱུར།
ཞི་ཅིན་ཕིང་གིས་ཧྲི་ཧུང་པིང་གི་ཁྱིམ་མི་རྒན་གཞོན་དང་ལྷན་དུ་བཞུགས་ནས་སྔ་རྒྱུས་ད་རྒྱུས་གླེང་གནང་བ་དང་། ཁོང་ཚོར་བསྐྱར་སྐྲུན་ཁང་པའི་སྤུས་ཚད་གང་འདྲ་ཡོད་མེད་དང་། ལོ་གསར་གྱི་ཅ་ལག་གྲ་སྒྲིག་ཡག་པོ་བྱུང་ཡོད་མེད། ད་དུང་དཀའ་ངལ་ཅི་ཞི་ཡོད་མེད་སོགས་བཀའ་འདྲི་ཞིབ་ཚགས་གནང་ཡོད། ཧྲི་ཧུང་པིང་གིས་སྤྱི་ཁྱབ་ཧྲུའུ་ཅིར། ཁང་པ་འདི་བརྟན་ཞིང་དྲོ་བས། ལོ་གསར་ཡག་པོ་ཞིག་གཏོང་ཐུབ་པ་འདུགཏང་དང་སྲིད་གཞུང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་ཞུས་ཡོད། ཞི་ཅིན་ཕིང་གིས། ང་རང་ནས་གནོད་འཚེ་ཕོག་ཁུལ་མང་ཚོགས་ལ་སེམས་ཁྲལ་བྱེད་ཀྱི་ཡོད། ད་ལོ་ཨང་དང་པོར་ཧྲ་ཞི་ལ་ཡོང་དོན་ཡང་ས་གནས་ས་ཐོག་ཏུ་བསྐྱོད་དེ་གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་གནས་ཚུལ་ཤེས་རྟོགས་བྱེད་ཆེད་ཡིན། གྲོང་ཚོའི་རྣམ་པ་གཙང་སྦྲ་དོད་པ་དང་། ཐོན་སྐྱེད་འཚོ་བ་གོ་རིམ་ལྡན་པའི་ངང་སླར་གསོ་བྱུང་བ། བསྐྱར་སྐྲུན་དང་ཉམས་གསོ་བྱས་པའི་ཁང་པ་བརྟན་ལ་དྲོ་བ། ཁྱིམ་ཚང་མི་རེ་ངོ་རེ་ལོ་གསར་གྱི་གྲ་སྒྲིག་ལ་བྲེལ་བ། ལོ་གསར་གྱི་ཚོང་ཟོག་འབེལ་བ། ཞིང་ནང་སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་མཐོང་བྱུང་བས་ང་རང་ཧ་ཅང་དགའ་པོ་བྱུང་། ཡུལ་མི་རྣམས་ལ་ཐོན་སྐྱེད་དང་འཚོ་བའི་ཐད་ད་དུང་དཀའ་ངལ་ག་རེ་ཡོད་པ་དེར་ཏང་དང་སྲིད་གཞུང་ནས་མུ་མཐུད་ཐག་གཅོད་བྱེད་རོགས་བྱ་རྒྱུ་རེད། གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་སླར་གསོ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་གཉིས་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཆུ་བོ་རྒྱུགས་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གནོད་འགོག་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ། གནོད་འགོག་གནོད་སེལ་གནོད་སྐྱོབ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ། མི་དམངས་མང་ཚོགས་ལ་སྣེ་ཁྲིད་ནས་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པ་དང་། འབད་བརྩོན་ལྷོད་མེད་ཀྱི་གསར་སྐྲུན་ལ་བརྟེན་ནས་བདེ་སྐྱིད་འཚོ་བ་སྐྲུན་དགོས་ཞེས་བསྟན་གནང་ཡོད།
གྲོང་ཚོ་ནས་ཞལ་གྱེས་སྐབས་གྲོང་མི་ཚོས་སྐད་གསང་མཐོ་པོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་དང་། ཞི་ཅིན་ཕིང་གིས་ཡུལ་མི་ཚོར་ལོ་གསར་གྱི་འཚམས་འདྲི་གནང་བ་དང་། ཚང་མ་སྟག་ལོར་སྐྱིད་པོ་ཡོང་བ་དང་འཚོ་བ་དེ་བས་ཡག་པོ་ཡོང་བའི་ཐུགས་རེ་གནང་ཡོད།
དེ་རྗེས། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཧྥེན་ཤིས་རྫོང་ཙེང་ཉན་གྲོང་རྡལ་ཏོའན་གྲོང་ཚོར་ཕེབས་ནས། ས་གནས་དེ་གའི་དབུལ་གྲོལ་འགག་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་གཏོང་བར་མུ་མཐུད་སྐུལ་འདེད་གཏོང་བ། གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་ཡོད། དམངས་ཕན་ཞབས་ཞུའི་ལྟེ་གནས་སུ། གྲོང་ཚོའི་ལས་བྱེད་པས་ཞི་ཅིན་ཕིང་ལ་ཁོང་ཚོས་དམངས་ལ་ཞབས་འདེགས་ཞུ་བ་དང་། གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། དབུལ་ལོག་ཐེབས་རྒྱུ་སྔོན་འགོག་བྱེད་པའི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱེད་ཐབས་ངོ་སྤྲོད་ཞུས་པ་གསན་ཡོད། གྲོང་མི་ཚའེ་ཝན་མིང་གི་ཁྱིམ་དུ་ཞི་ཅིན་ཕིང་གིས་གསོལ་ཐབ་དང་། ཉལ་ཁང་། ལུག་ཚང་སོགས་ལ་རེ་རེ་བཞིན་གཟིགས་ནས་ཁྱིམ་ཚང་གི་ཡོང་འབབ་མང་ཉུང་དང་འཚོ་བ་གང་འདྲ་ཡོད་མེད་སྐོར་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁྱིམ་ཚང་དེ་སྤྱི་ལོ ༢༠༡༦ ལོའི་ལོ་མཇུག་ཏུ་དབུལ་གྲོལ་ཐུབ་རྗེས། ད་ཆ་ལུག་གསོ་ཚགས་བྱེད་པ་དང་ཕྱིར་གླ་པར་བསྐྱོད་ནས་ཁྱིམ་ཚང་གི་འཁོས་ཀ་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་མཁྱེན་རྟོགས་བྱུང་རྗེས་ཞི་ཅིན་ཕིང་ཐུགས་དགྱེས་ཚོར་ཆེན་པོ་བྱུང་ཡོད། ཁོང་གིས། མི་དམངས་མང་ཚོགས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་ནི་རང་རེའི་ཏང་གི་ལོ་བརྒྱ་ལྷག་ཙམ་རིང་དོན་གཉེར་བྱེད་པའི་ཕུགས་བསམ་ཞིག་ཡིན་པས། ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས། མི་རབས་ནས་མི་རབས་བར་མུ་མཐུད་འབད་བརྩོན་བྱེད་དགོས་ཞེས་གསུངས་ཡོད།
གྲོང་ཚོའི་རིག་གནས་ཐང་ཆེན་དུ་འཁྲུག་ཆ་དོད་ཅིང་། གྲོང་མི་རྣམས་ཀྱིས་འཁར་རྔ་བརྡུངས་ཤིང་གླུ་ལེན་གར་འཁྲབ་ཐོག་ནས་ལོ་གསར་ལ་རྟེན་འབྲེལ་ཞུ་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས། མི་རྣམས་ནས་དགའ་སྤྲོའི་རྣམ་པས་ཁེངས་ཞིང་དགའ་འབོད་བྱས་ཡོད། ཞི་ཅིན་ཕིང་གིས་ཡུལ་མི་ཚོར། རང་རེའི་ཏང་གི་རྩ་བའི་དམིགས་ཡུལ་ནི་མི་དམངས་མང་ཚོགས་ཀྱི་ཆེད་དུ་བྱ་བཟང་བསྒྲུབ་པ་དང་། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་ཆེད་འབད་བརྩོན་བྱེད་པ་དང་། ལེགས་སྐྱེས་འབུལ་བ། ཞབས་འདེགས་ཞུ་བ་བཅས་ཡིན། ང་ཚོས་དུས་བཀག་ལྟར་དབུལ་གྲོལ་འགག་གཏོར་ལ་རྒྱལ་ཁ་བླངས་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་ཐུབ་པ་བྱེད་པའི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་བྱས་པས་མ་ཚད། ད་ལྟ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་སྐྱོད་བཞིན་ཡོད། དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་རྒྱུ་དེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དང་བྲལ་ཐབས་མེད་པས། དབུལ་གྲོལ་འགག་གཏོར་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། མང་ཚོགས་ཀྱི་འཚོ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཐུབ་པ་བྱས་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་ཇི་ཙམ་བསྐྱོད་ན་དེ་ཙམ་གྱིས་གོང་འཕེལ་ཡོང་བ་བྱེད་དགོས་ཞེས་གསུངས་ཡོད།
སྤྱི་ཚེས ༢༧ ཉིན། ཞི་ཅིན་ཕིང་ནས་ཅིན་ཀྲུང་གྲོང་ཁྱེར་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་ཡོད། ཉིན་དེའི་སྔ་དྲོར། ཁོང་ཕིང་ཡའོ་གནའ་གྲོང་དུ་ཕེབས་པ་དང་། ཞབས་ཐང་དུ་མཁར་གྲོང་གི་ཡང་རྩེར་ཕེབས་པ་དང་། དེ་ཡི་ཕྱོགས་ནས་གྲོང་ཁྱེར་ཡོངས་ཀྱི་རྣམ་པར་རྒྱང་གཟིགས་མཛད་ཡོད། དེ་རྗེས་རླངས་འཁོར་ལ་བཞུགས་ནས་ཕིང་ཡའོ་རྫོང་ཧྲུའུ་རུ་ཕེབས་ནས། གནའ་གྲོང་གི་ལོ་རྒྱུས་འཕེལ་རིམ་དང་། ཨར་སྐྲུན་བཀོད་སྒྲིག རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་སོགས་ཀྱི་གནས་ཚུལ་སྐོར་གྱི་སྙན་སེང་ཞུས་པར་གསན་ཡོད། ཕིང་ཡའོ་གནའ་གྲོང་འདི་ཉིད་འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་ཡོད་པ་དང་། གནའ་གྲོང་དེ་ནི་ཀྲུང་གོའི་ཉར་ཚགས་ཆ་ཚང་ཤོས་ཀྱི་གནའ་གྲོང་གི་གྲས་ཤིག་རེད། ཞི་ཅིན་ཕིང་གིས། ལོ་རྒྱུས་རིག་གནས་ཤུལ་བཞག་ནང་ཀྲུང་ཧྭ་མི་རིགས་ཀྱི་གཞི་རྒྱུ་དང་ཁྲག་རྒྱུན་འདྲེས་ཡོད་པས་ང་ཚོ་མི་རབས་འདིར་གཏོགས་པ་མ་ཟད། ཕ་ཚ་བུ་རྒྱུད་ཀྱི་རིན་ཐང་གཞལ་དུ་མེད་པའི་གཅེས་ནོར་ཞིག་ཡིན། ལོ་རྒྱུས་ལ་གུས་ཤིང་བཀུར་བ་དང་། རིག་གནས་ལ་གུས་ཤིང་བཀུར་བ། འབྱུང་ཁམས་ལ་གུས་ཤིང་བཀུར་བ་བཅས་བྱས་ནས། ལོ་རྒྱུས་དང་རིག་གནས་ཤུལ་བཞག་ལ་ཁྱོན་ཡོངས་ནས་སྲུང་སྐྱོང་ཡག་པོ་བྱེད་པ་དང་། ཡུལ་སྐོར་གོང་འཕེལ་དང་། ཁྱད་ལྡན་གཉེར་སྐྱོང་། གནའ་གྲོང་སྲུང་སྐྱོང་བཅས་གཅིག་གྱུར་འཆར་འགོད་ཡག་པོ་བྱེད་པ། རིག་དངོས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ། མེས་པོ་གོང་མས་ང་ཚོར་བཞག་པའི་རྩ་ཆེའི་རྒྱུ་ནོར་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས་ཡོད།
ཕིང་ཡའོ་ནི་ཅིན་ཧྲང་གི་འབྱུང་གནས་ཡིན་ཞིང་། རིག་གནས་ཀྱི་རྨང་གཞི་གཏིང་ཟབ་པ་དང་། རི་ཧྲེང་ཁྲང་སྤ་སེ་རྟགས་ཅན་གྱིས་རང་རྒྱལ་གྱི་དངུལ་རྩའི་ལས་རིགས་གོང་འཕེལ་གྱི་སྔོན་འགྲོ་བཏོད་ཡོད། རི་ཧྲེང་ཁྲང་སྤ་སེ་རྟགས་ཅན་གྱི་རྟེན་རྫས་བཤམས་མཛོད་ཁང་དུ། ཞི་ཅིན་ཕིང་གིས་ཅིན་ཧྲང་རིག་གནས་དང་ཅིན་ཧྲང་ཚོང་ལས་ཀྱི་སྙིང་སྟོབས་འཕེལ་བ་དང་འཕེལ་རྒྱས་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད། ཁོང་གིས། རིག་གནས་ཀྱི་བློ་སྤོབས་བརྟན་དུ་གཏོང་བ་དང་། ཅིན་ཧྲང་རིག་གནས་ཀྱི་ནང་དོན་ཟབ་མོ་སྔོག་འདོན་བྱེད་པ་བརྒྱུད། ཀྲུང་ཧྭ་ཡི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དར་སྤེལ་སྔར་ལས་ལྷག་པ་གཏོང་བ་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་མི་དམངས་ཀྱི་སྤུས་ལེགས་འཚོ་བར་ཞབས་འདེགས་སྔར་ལས་ལྷག་པ་ཞུ་དགོས་ཞེས་ནན་གསུངས་གནང་ཡོད།
གནའ་གྲོང་གི་སྲང་ལམ་ལྷོར་ལོ་གསར་གྱི་རྣམ་པས་ཕྱུག་ཡོད། ཞི་ཅིན་ཕིང་གིས་སྲང་ལམ་བརྒྱུད་ནས་གནའ་གྲོང་གི་རྣམ་པར་གཟིགས་ཞིབ་གནང་བ་དང་ཕིང་ཡའོ་གླང་ཤ་ཚོང་ཁང་དང་། རྩི་ཆས་ཚོང་ཁང་། ཏུང་ཧུའུ་སྐྱུར་རྩི་ཁང་བཅས་སུ་ཕེབས་ནས། ས་གནས་དེ་གའི་རིག་གནས་ཤུལ་བཞག་སྲུང་སྐྱོང་བེད་སྤྱོད་དང་གསར་སྤེལ་སོགས་ཁྱད་ལྡན་གཉེར་སྐྱོང་བྱེད་ཚུལ་མཁྱེན་རྟོགས་གནང་བ་དང་མ་ཟད། ཕིང་ཡའོ་གླང་ཤ་དང་། ཆུ་མོག་སྐྱུར་རྩི་སོགས་ལོ་གསར་གྱི་མཁོ་ཆས་གཟིགས་གནང་ཁར། ད་དུང་སྐྱུར་རྩི་རྙིང་པ་བསྙལ་བའི་ལས་ཀའི་ནང་ཞུགས་ཡོད། ཁོང་གིས། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་མཁན་ཞིག་བྱས་ནས། རྩི་ཆས་སོགས་རིག་གནས་ཀྱི་མཆོག་ནོར་དག་ལ་སྲུང་སྐྱོང་ཡག་པོ་བྱས་ཏེ། མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་སྲོལ་རྒྱུན་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་དང་འཛམ་གླིང་ཐོག་ཁྱབ་གདལ་གཏོང་དགོས་ཞེས་གསུངས་ཡོད། ཡུལ་དངོས་ཀྱི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་དང་ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད།
ཞི་ཅིན་ཕིང་གིས། མིག་སྔར་གོ་ལ་ཧྲིལ་པོར་རིམས་ནད་སྔར་བཞིན་འགོས་ཁྱབ་འགྲོ་བཞིན་ཡོད་པ་མ་ཟད། ཁྱད་ཆོས་གསར་པ་མངོན་བཞིན་ཡོད་པ་དང་། ངོ་འགྱུར་ནད་དུག་གི་དུག་སྲིན་འགོས་ཁྱབ་འགྲོ་ཤུགས་སྔར་བས་ཆེ་བ་མ་ཟད། དགུན་དུས་འགོས་ནད་རིགས་སྣ་ཚོགས་ཐོན་མང་བ་དང་། སྔོན་འགོག་ཚོད་འཛིན་བྱེད་ཁག་ཏུ་ཕྱིན་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྩ་བ་དེ་དམ་པོར་བཟུང་སྟེ་སྔོན་འགོག་བྱ་རྒྱུ་གཙོ་བོར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཕྱི་ནས་ནང་དུ་འགོས་རྒྱུ་བཀག་འགོག་དང་། ནང་དུ་བསྐྱར་ལོག་ཐེབས་རྒྱུ་སྔོན་འགོག་བྱེད་པའི་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཐོག སྔོན་འགོག་ཚོད་འཛིན་ལས་ཀའི་ཚན་རིག་རང་བཞིན་དང་གནད་འཕིགས་རང་བཞིན་ཆེ་རུ་གཏོང་དགོས། མང་ཚོགས་ཀྱིས་སྨན་པ་བསྟེན་པ་དང་། མཁོ་སྤྲོད། འགྲོ་སྐྱོད་སོགས་ཕྱོགས་ཡོངས་ནས་རྗེས་ཟིན་ཐུབ་པ་བྱས་ཏེ། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཞི་རྩའི་འཚོ་བའི་དགོས་མཁོར་འགན་ལེན་ཡག་པོ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་ནས་དགུན་དུས་ཀྱི་གློག་དང་དྲོད་རླངས་མཁོ་འདོན་བྱེད་པའི་འགན་སྲུང་ལས་དོན་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད། སྤྱི་ཚེས ༢༧ ཉིན་གྱི་ཕྱི་དྲོ། ཁོང་ཧྲན་ཞི་རུའེ་ཀོང་ཚ་གློག་ཚད་ཡོད་འགན་འཁྲི་ཀུང་སིར་རྟོག་ཞིབ་གནང་བར་ཕེབས་ཡོད། ཉེ་བའི་ལོའི་ནང་། ཁེ་ལས་འདིས་ཚན་རྩལ་གསར་གཏོད་ཀྱིས་ཁེ་ལས་གོང་འཕེལ་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་པས། རྡོ་སོལ་འཕྲུལ་འཁོར་སྡེ་པའི་འབུད་བཤངས་ཉུང་གཏོང་བསྒྱུར་བཅོས་དང་། དྲོད་རླངས་ལྷག་མ་རིམ་པས་བེད་སྤྱོད་བྱེད་པ། སྲ་སྙིགས་ཕྱོགས་བསྡུས་བེད་སྤྱོད་བྱེད་པ། དབྱང་གཉིས་ཐན་འགྱུར་བསྡུ་འཛིན་སོགས་བྱེད་པའི་ཐད་ཕན་འབྲས་བཟང་པོ་ཐོབ་ཡོད། ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཧྲན་ཞི་ཞིང་ཆེན་ནུས་ཁུངས་གསར་བརྗེའི་ཕྱོགས་བསྡུས་བསྒྱུར་བཅོས་ཚོད་ལྟའི་ས་ཚིགས་དང་ཁེ་ལས་སུ་ཕེབས་ཏེ་རྡོ་སོལ་གཙང་ཞིང་ལས་ཕྱོད་ཆེ་བའི་ཐོག་ནས་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། སྲོལ་རྒྱུན་ཐོན་ལས་བརྗེ་སྒྱུར་རིམ་སྤོར་བྱེད་མགྱོགས་སུ་གཏོང་བ་སོགས་ཀྱི་ལས་དོན་ངོ་སྤྲོད་ཞུས་པར་གསན་ཡོད། ཁེ་ལས་ཀྱི་ཚ་གློག་འཕྲུལ་འཁོར་སྡེ་པའི་ཐོན་སྐྱེད་གཅིག་སྡུད་ཚོད་འཛིན་ཁང་དང་། འབར་རྒྱུའི་རིག་ནུས་ཅན་གྱི་ཚོད་འཛིན་ལྟེ་གནས། འཕྲུལ་མིའི་རང་རྟེན་ཚོད་ལྟ་ཁང་སོགས་སུ་ཞི་ཅིན་ཕིང་གིས་ཐོན་སྐྱེད་འཁོར་རྒྱུག་གྲངས་གཞིར་གཟིགས་ཞིབ་གནང་སྟེ་ཡུལ་དངོས་ཀྱི་ལག་རྩལ་མི་སྣར་ཁེ་ལས་ཀྱིས་ནུས་རྒྱུ་གྲོན་ཆུང་དང་འབུད་བཤངས་ཉུང་གཏོང་། ཐོན་སྐྱེད་ལས་ཕྱོད་མཐོར་གཏོང་དང་བདེ་འཇགས་ཐོན་སྐྱེད་འགན་སྲུང་སོགས་བྱེད་ཚུལ་མཁྱེན་རྟོགས་གནང་བ་དང་། ཞི་ཅིན་ཕིང་གིས་སྔ་རྗེས་སུ་ཁེ་ལས་ཀྱི་རྡོ་སོལ་གསོག་འཇོག་ཁུལ་དུ་ཕེབས་ནས་རྡོ་སོལ་གསོག་འཇོག་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ཡོད། ཁོང་གིས། ཧྲན་ཞི་ཉིད་རྒྱལ་ཡོངས་ནུས་རྒྱུ་ལྕི་བའི་རྫས་འགྱུར་བཟོ་ལས་རྟེན་གཞི་ཞིག་ཡིན་པའི་ཆ་ནས་རྒྱལ་ཁབ་གོང་འཕེལ་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཐཱན་རྩེ་གྲངས་སུ་སླེབས་པ་དང་ཐཱན་བཏང་སྙོམས་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དེ་ནི་གཞན་གྱིས་ང་ཚོར་སྐུལ་བའི་ལས་ཀ་ཞིག་མིན་པར། དེ་ནི་ང་ཚོས་ངེས་པར་དུ་བསྒྲུབ་དགོས་པའི་ལས་ཀ་ཞིག་ཡིན། འོན་ཀྱང་། ལས་ཀ་དེ་ལས་སླ་པོར་མངོན་འགྱུར་ཐུབ་ཐབས་བྲལ་བས། སྒུག་མི་རུང་ལ། འཚབ་ཀྱང་མི་རུང་། ངེས་པར་དུ་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་སྲུང་གིས་གོ་རིམ་ལ་དམ་འཛིན་དང་། སྔོན་འཛུགས་རྗེས་གཏོར། བརྟན་པོའི་ཁྲོད་ཡར་རྒྱས་གཏོང་བ་བཅས་བྱེད་དགོས། རྡོ་སོལ་འབེལ་ཞིང་སྣུམ་དཀོན་པ། རླངས་ཉུང་བ་བཅས་ནི་རང་རྒྱལ་གྱི་རྒྱལ་ཚུལ་རེད། རྒྱལ་ནང་གི་ནུས་རྒྱུའི་ཐོན་སྐྱེད་རྨང་གཞི་བརྟན་དུ་གཏོང་བ་དང་། རྡོ་སོལ་མཁོ་སྤྲོད་བདེ་འཇགས་ལ་འགན་སྲུང་བྱེད་པ། རྡོ་སོལ་གཙང་ཞིང་ཐཱན་ཉུང་ཐོག་ནས་གོང་འཕེལ་གཏོང་བ་དང་། སྣེ་མང་ཅན་གྱི་བེད་སྤྱོད་བྱེད་པ། ཕྱོགས་བསྡུས་གསོག་འདྲེན་བྱེད་པར་གཅིག་འགྱུར་ཐོག་དམ་འཛིན་གྱིས་སྦགས་མེད་ཐཱན་ཉུང་ལག་རྩལ་གང་མགྱོགས་འགག་གཏོར་ཐུབ་པ་བྱས་ཏེ་ཐོན་ལས་གྲུབ་གཞི་ལེགས་སྒྱུར་དང་རིམ་སྤོར་ཐུབ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས། ཐཱན་རྩེ་གྲངས་སུ་སླེབས་པ་དང་ཐཱན་བཏང་སྙོམས་ཡོང་བའི་དམིགས་འབེན་མངོན་འགྱུར་ཐུབ་རྒྱུར་སྐུལ་འདེད་བརྟན་པོ་བཏང་སྟེ་ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་འཛུགས་རྒྱུར་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཁེ་ལས་ཀྱི་ལས་བཟོ་པས་སྤྲོ་སེམས་འཁོལ་པོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་དང་། ཞི་ཅིན་ཕིང་གིས་ཁོང་ཚོར་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་གནང་ཡོད། ཁོང་གིས། གློག་དང་དྲོད་རླངས་མཁོ་འདོན་བྱེད་པ་དེ་ནི་དཔལ་འབྱོར་གོང་འཕེལ་གྱི་སྤྱི་ཡོངས་གནས་བབ་དང་སྤྱི་ཚོགས་བརྟན་ལྷིང་གི་གནས་བབ་ཆེན་པོ་དང་འབྲེལ་བ་ཡོད་པ་ཞིག་དང་། དམངས་འཚོ་དང་འབྲེལ་བ་དམ་ཟབ་ཡོད་པའི་དོན་ཆེན་ཞིག་རེད། ཏང་ཀྲུང་དབྱང་གིས་ནུས་རྒྱུའི་མཁོ་སྤྲོད་འགན་སྲུང་གི་བཀོད་སྒྲིག་བླང་བྱ་ཁག་ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། བྱ་ཐབས་མང་པོ་མཉམ་དུ་བཟུང་ནས་མཁོ་སྤྲོད་སྙོམས་སྒྲིག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ནུས་རྒྱུའི་མཁོ་འདོན་འགན་སྲུང་ནུས་པ་ཆེ་རུ་གཏོང་བ། ཁེ་ལས་ཆེན་མོ་དང་། ལྷག་པར་དུ་གཞུང་ཁོངས་ཁེ་ལས་ཀྱིས་མཁོ་སྤྲོད་འགན་སྲུང་དང་རིན་གོང་བརྟན་པོ་ཡོང་རྒྱུར་སྣེ་ཁྲིད་བྱེད་པ། དམངས་འཚོར་མཁོ་བའི་ནུས་རྒྱུ་མཁོ་སྤྲོད་འགན་སྲུང་བྱེད་པའི་འགན་འཁྲི་ཤུགས་ཆེར་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་སྒོ་ནས་དགུན་ཁ་སྐྱེལ་རྒྱུར་འགན་ལེན་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཚུན་དང་། ལྷག་དོན་དུ་ཧྲན་ཞི་ཡི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གནང་བ་རེད། ཧྲན་ཞི་ཡིས་སྒོ་ཀུན་ནས་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བརྟན་པོའི་ཁྲོད་དུ་ཡར་རྒྱས་ཡོང་རེ་བྱེད་པའི་ལས་ཀའི་སྤྱིའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། ཆ་ཚང་བ་དང་ཡང་དག་པ། གནད་ལ་འཕིགས་པ། ཁྱོན་ཡོངས་བཅས་ཀྱི་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། གོང་འཕེལ་གྱི་གནས་སྟངས་གསར་པར་ཞབས་ཞུ་བསྒྲུབ་པ་དང་དེའི་ཁྲོད་དུ་ཞུགས་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གཅིག་གྱུར་འཆར་འགོད་བྱེད་པ། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་བཀོད་སྒྲིག་བྱེད་པ། བརྟན་པོ་དྲུག་དང་འགན་ལེན་དྲུག་གི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་པ། མུ་མཐུད་ནས་དམངས་འཚོ་ལེགས་བཅོས་བྱེད་པ། སྤུས་མཐོའི་གོང་འཕེལ་ཐད་འགག་གཏོར་གསར་པ་ཟམ་མི་ཆད་པར་ཐོབ་པ་བྱེད་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་སྐོང་འཚོག་ཐུབ་རྒྱུར་བསུ་མ་ཞུ་བ་དང་། ཧྲན་ཞི་ཡིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལེའུ་གསར་མུ་མཐུད་རྩོམ་དགོས་པའི་ཐུགས་རེ་གནང་ཡོད་པ་རེད།
ཏིང་ཞུའེ་ཞང་དང་ལིའུ་ཧོ། ཁྲེན་ཞི། ཧོ་ལི་ཧྥེང་བཅས་དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་ཀྱིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་ཡོད་པ་རེད།།