གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་ལྷན་དུ་དཔྱིད་གསར་བསུས་པ།

སྤེལ་དུས་: 2022ལོ་01ཟླ་30ཚེས་ 11:24 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་སྟག་ལོའི་དཔྱིད་གསར་དུས་ཆེན་འཆར་གྲབས་ཡོད་པའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ནས་སྤྱི་ཚེས ༢༩ ཉིན་གྱི་ཕྱི་དྲོ་མི་དམངས་ཚོགས་ཁང་ཆེན་མོར་དམངས་གཙོ་ཏང་ཤོག་ཁག་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་། ཏང་ཤོག་གང་ལ་ཡང་མི་གཏོགས་པའི་མི་སྣའི་འཐུས་མི་དང་དགྱེས་འཛོམས་གནང་ནས་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུས་ཡོད་པ་རེད། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལ་ཡང་མི་གཏོགས་པའི་མི་སྣ། འཐབ་ཕྱོགས་གཅིག་གྱུར་གྱི་རྒྱ་ཆེའི་ཁོངས་མི་བཅས་ལ་ལྷག་བསམ་དག་པའི་འཚམས་འདྲི་དང་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་ཞུས་ཡོད་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་དགྱེས་འཛོམས་ནང་ཞུགས་ཡོད་པ་རེད། གོ་མིན་ཏང་གསར་བརྗེ་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཨེ་ཞང་དང་། དམངས་གཙོ་མནའ་འབྲེལ་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། དམངས་གཙོ་རྒྱལ་འཛུགས་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། དམངས་གཙོ་སྐུལ་འདེད་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥེང་། ཞིང་བཟོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཁྲེན་ཀྲུའུ། ཀྲེ་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཝན་ཀང་། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུ་ཝི་ཧྭ། ཐའེ་ཝན་དམངས་གཙོ་རང་སྐྱོང་མནའ་འབྲེལ་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལ་ཡང་མི་གཏོགས་པའི་མི་སྣའི་འཐུས་མི་སུན་ཆི་ཞིན་དང་ཅང་ཅེ་སོགས་གདན་ཞུས་ལྟར་ཕེབས་ཡོད་པ་རེད། གདན་ཞུས་ལྟར་ཕེབས་པའི་གྲས་སུ་ད་དུང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལེང་ཀྲེང་དབྱིང་དང་། འགོ་ཁྲིད་ལས་གནས་ནས་ལས་འཁྱུར་ཟིན་པའི་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་། ཀྲུའུ་ཞི་གཞོན་པ་དང་པོ། རྒྱུན་ལས་ཀྲུའུ་ཞི་གཞོན་པ་བཅས་ཡོད་པ་རེད།

ཏིང་ཀྲུང་ལིས་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལ་ཡང་མི་གཏོགས་པའི་མི་སྣའི་ཚབ་ཞུས་ནས་ཤིས་ཚིག་གནང་བ་རེད། ཁོང་གིས། འདས་མ་ཐག་པའི་སྤྱི་ལོ ༢༠༢༡ ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་དང་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན། ལོ་དེར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཀྱི་རྒྱུན་མཐུད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་གྱུར་ཡོང་བ་བྱ་རྒྱུར་རྨང་གཞི་གསར་པ་བཏིངས་ཡོད་ཅིང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་བསྐྱོད་པའི་རྒྱང་སྐྱོད་གསར་པའི་འགོ་བརྩམས་ཡོད། ལོ་གསར་པ་འདིར། དམངས་གཙོ་ཏང་ཤོག་ཁག་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལ་ཡང་མི་གཏོགས་པའི་མི་སྣ་བཅས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཐོག ཞི་ཅིན་ཕིང་གི་དུས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མཛུབ་ཁྲིད་བྱེད་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་ཆེད་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་ཞེས་གསུངས་འདུག

ཏིང་ཀྲུང་ལིས་ཤིས་ཚིག་གནང་གྲུབ་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས། སྤྱི་ལོ་༢༠༢༡ ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན་ལ། ལོ་རྒྱུས་ཀྱི་དེབ་ཐེར་ཐོག་འཁོད་ངེས་ཀྱི་ལོ་ཞིག་ཀྱང་ཡིན། ང་ཚོས་དོན་ཆེན་མང་པོ་ལེགས་པར་བསྒྲུབས་པ་དང་། ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལས་རྣམ་པར་རྒྱལ་ཡོད་ཅིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་ཡོད། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་ ༡༠༠ འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ཀྲུང་གུང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་པ། ལོ་རྒྱུས་ཀྱི་ཆོད་ཡིག་གསུམ་པ་གཏན་འབེབས་བྱས་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ། དུས་བཀག་ལྟར་དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ། དུས་བཀག་ལྟར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཚར་བ། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་གྱུར་བྱས་པ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་རྒྱུ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་བསྐྱོད་པའི་རྒྱང་སྐྱོད་གསར་པ་འགོ་བརྩམས་ཡོད། ང་ཚོས་ཞུམ་པ་མེད་པའི་ཐོག་ནས་ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་ནད་ཡམས་ལ་ཁ་གཏད་བཅག་པ་དང་། ཆ་ཚང་བ་དང་། གནད་ལ་འཕིགས་པ། ཁྱོན་ཡོངས་བཅས་ཀྱི་ཐོག་ནས་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་བསྟར་བྱས་པ། གོང་འཕེལ་གྱི་གནས་སྟངས་གསར་པ་འཛུགས་པའི་ཕྱོགས་སུ་གོམ་སྟབས་གསར་པ་སྤོས་པ། སྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་བ། དམངས་གཙོ་འགན་སྲུང་ཏན་ཏིག་བྱས་པ་དང་ཕན་ནུས་ལྡན་པ། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པ་མངོན་གྱུར་ཡོང་བ་བྱ་རྒྱུར་འགོ་ཡག་པོ་ཞིག་བཙུགས་ཡོད། ང་ཚོས་མི་དམངས་རྩ་བའི་རྩེ་ལ་འཛིན་པ་དང་ཚེ་སྲོག་གོང་མའི་གོང་ལ་བཀུར་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ནད་ཡམས་ཕྱི་ནས་ནང་དུ་མཆེད་རྒྱུར་སྔོན་འགོག་དང་ནང་ནས་བསྐྱར་དུ་ཐོན་རྒྱུར་སྔོན་འགོག་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ། ཚན་རིག་དང་མཐུན་པ་དང་། གནད་ལ་འཕིགས་པ། འགུལ་རྣམ་གཙང་སེལ་བཅས་རྒྱུན་འཁྱོངས་བྱས་པ། སྔ་བར་ཕྱི་གསུམ་དུ་ཏོག་གསར་གློ་ཚད་ནད་ཡམས་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་བྱ་རྒྱུར་དམ་འཛིན་བྱས་པ། རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཧུར་ཐག་བྱས་པ། དཔལ་འབྱོར་གོང་འཕེལ་དང་ནད་ཡམས་སྔོན་འགོག་ཚོད་འཛིན་གོ་ལ་ཧྲིལ་པོའི་སྔོན་ལ་སླེབས་རྒྱུ་རྒྱུན་འཁྱོངས་བྱས་ཡོད། ང་ཚོས་གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་དང་། ཉེན་ཁ་ཁག་འགོག་སེལ་བྱ་རྒྱུར་སྣང་ཆེན་བྱས་པ། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་ཚད་ལྡན་བཟོས་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་བཏང་བ། སྐྱོན་མེད་གསོན་ཤུགས་ཀྱིས་ཕྱུག་པའི་གོང་འཕེལ་ཁོར་ཡུག་བཏོད་ཡོད། དེ་ལྟ་བུའི་གྲུབ་འབྲས་ཐོབ་པ་ནི་ཀྲུང་གུང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་ལས་བྱུང་བ་ཞིག་ཡིན་ལ། དམངས་གཙོ་ཏང་ཤོག་ཁག་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལ་ཡང་མི་གཏོགས་པའི་མི་སྣ་ཚུད་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མི་རྣམ་པས་གཅིག་སེམས་གཅིག་སྒྲིལ་གྱིས་འབད་འཐབ་བྱས་པའི་འབྲས་བུ་ཡང་ཡིན། ལག་ལེན་དངོས་ཀྱིས་ར་སྤྲོད་བྱས་པར། ཚང་མ་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཇུས་འདོན་པ་ཡག་པོ་དང་། རོགས་པ་ཡག་པོ། ལས་རོགས་ཡག་པོ་བཅས་ཡིན། མཚམས་འདིར། ངས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། འདས་ཟིན་པའི་ལོ་གཅིག་ནི་ཏང་མང་མཉམ་ལས་བྱ་གཞག་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པའི་ལོ་ཞིག་རེད། དམངས་གཙོ་ཏང་ཤོག་ཁག་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཐོག ལྟེ་བའི་ལས་དོན་ལ་དམིགས་ནས་རང་འགན་གཙང་སྒྲུབ་བྱས་པ་དང་། ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་པ། བློ་གྲོས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད། དུས་ཡུན་ལོ ༥ ཡི་དབུལ་སྒྲོལ་འགག་གཏོར་ལ་དམངས་གཙོའི་ལྟ་སྐུལ་བྱ་རྒྱུ་བདེ་བླག་ངང་མཇུག་འགྲིལ་བ་དང་། འབྲི་ཆུའི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་གི་དམངས་གཙོའི་ལྟ་སྐུལ་ལས་དོན་སླར་ཡང་སྤེལ་འགོ་ཚུགས་ཡོད། དམངས་གཙོ་ཏང་ཤོག་གིས་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར་མུ་མཐུད་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་ཅེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོའི་གྲུབ་འབྲས་སྲ་བརྟན་དུ་བཏང་བས། ཏང་མང་མཉམ་ལས་ཀྱི་བྱ་གཞག་བརྟན་ཐོག་ཡར་འཕེལ་བྱུང་ཡོད། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་དམངས་གཉེར་དཔལ་འབྱོར་མི་སྣའི་ཕུགས་བསམ་དད་སེམས་སློབ་གསོར་སྐུལ་འདེད་བཏང་ནས། དམངས་གཉེར་ཁེ་ལས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་ཁྲིད་སྟོན་བྱས་པ་དང་། ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲིར་རོགས་སྐྱོར་བྱེད་ཅེས་པའི་བྱ་སྤྱོད་བདེ་བླག་ངང་མཇུག་འགྲིལ་བ། ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་དར་རྒྱས་གཏོང་ཞེས་པའི་བྱ་སྤྱོད་བདེ་བླག་ངང་སྤེལ་འགོ་ཚུགས་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ད་ལོ་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུ་ཡིན་པ་དང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། ཕྱོགས་གང་ཅིའི་ལས་དོན་ཚང་མ་ཏང་གི་ཚོགས་ཆེན་ཉི་ཤུ་པ་བསུ་བ་དང་། ཚོགས་ཆེན་ཉི་ཤུ་པ་ཡག་པོ་འཚོག་པ། ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དོན་འཁྱོལ་བྱེད་པ་བཅས་ལ་དམིགས་ནས་ཇུས་འགོད་དང་སྤེལ་དགོས། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་གོང་འཕེལ་ གཏོང་བ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་གོང་འཕེལ་གཏོང་བ། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ། ཐུན་མོང་ཐོག་འབད་འཐབ་བྱེད་པའི་སྟོབས་ཤུགས་གོང་བུ་གཅིག་འགྲིལ་གང་ཐུབ་བྱ་དགོས། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་ཀྱིས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་རང་རྟོགས་ངང་ཀྲུང་གུང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། ཐབས་འདོན་ཇུས་འབུལ་ཧུར་ཐག་བྱེད་པ། སྲིད་ཏང་གི་གྲོས་མོལ་གྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱེད་དགོས། བསམ་བློའི་ཁྲིད་སྟོན་ལས་དོན་གཏིང་ཟབ་སྤེལ་ནས་རྒྱ་ཆེའི་ཁོངས་མི་རྣམས་ཀྱི་སྣེ་ཁྲིད་དེ་ཡིན་མིན་གསལ་འབྱེད་དང་ལངས་ཕྱོགས་བརྟན་པོ་ཡོང་བ་བྱས་ནས་དྲང་ནུས་གཅིག་སྡུད་དང་བརྒྱུད་སྤྲོད་བྱེད་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། ད་ལོ་དམངས་གཙོ་ཏང་ཤོག་ཁག་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་རྩ་འཛུགས་ཀྱི་སྐབས་བརྗེ་ལེགས་སྒྲུབ་བྱེད་དགོས། ཆབ་སྲིད་རྩིས་སྤྲོད་རྩིས་ལེན་གཏིང་ཟབ་བྱས་ནས་ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་སྲ་བརྟན་དུ་བཏང་སྟེ། ཏང་དང་སེམས་པ་མཐུན་པ་དང་། རྒྱལ་གཅེས་དམངས་གཅེས། ཟོལ་མེད་མཉམ་ལས། ལས་བཀུར་ལེགས་སྐྱེས་འབུལ་བ་བཅས་ཏང་མང་མཉམ་ལས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་རྒྱུན་འཛིན་དང་། རྒན་རབས་ཚོའི་ཆབ་སྲིད་དད་སེམས་དང་། བླ་ན་མེད་པའི་ཉམས་འགྱུར། ཀྲུང་གོ་གུང་ཁྲན་ཏང་བར་གྱི་བརྩེ་དུང་ཟབ་མོ་བཅས་རྒྱུན་འཛིན་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་བྱ་གཞག་གཅིག་རྒྱུད་གཅིག་འཛིན་ཐུབ་པའི་འགན་ལེན་བྱེད་དགོས། ཡང་དག་པའི་མི་བཀོལ་སྤྱོད་ཀྱི་སྟོན་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། འོས་མིའི་ཆབ་སྲིད་ཀྱི་འགག་སྒོ་དང་སྤྱོད་གཙང་གི་འགག་སྒོ་ནན་པོ་སྲུང་བ་དང་། འོས་མིའི་ཕུགས་བསམ་དད་སེམས་དང་། ཆབ་སྲིད་གཤིས་རྒྱུད། ཀུན་སྤྱོད་བློ་སྦྱོང་བཅས་ལ་འབུར་དུ་རྟོག་ཞིབ་བྱས་ཏེ། བདམས་ཐོན་བྱུང་བའི་བློ་མཐུན་ཚོ་བློས་འགེལ་ཆོག་པ་དང་། འགན་འཁྲི་འཁུར་ཕོད་པ། དམངས་ཀྱིས་ཁས་ལེན་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

ཞི་ཅིན་ཕིང་གིས། དམངས་གཙོ་ཏང་ཤོག་ཁག་གིས་སྲིད་ཞུགས་ཏང་འཛུགས་སྐྱོང་གི་དམིགས་ཚད་དང་རྩ་དོན་ལ་དམ་པོར་དམིགས་ནས། ཆབ་སྲིད་ཀྱི་སྟངས་འཛིན་ནུས་པ་དང་། སྲིད་ཞུགས་སྲིད་གྲོས་ཀྱི་ནུས་པ། རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ། ལས་དོན་མཉམ་སྒྲུབ་ནུས་པ། རང་ངོས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། རང་ངོས་འཛུགས་སྐྱོང་གི་ཕན་འབྲས་གསར་པར་བརྟེན་ནས་སྲིད་ཞུགས་ཏང་གི་རྣམ་པ་གསར་པ་མངོན་པ་བྱེད་དགོས། བསམ་བློ་ཆབ་སྲིད་འཛུགས་སྐྱོང་གི་དུས་རབས་རང་བཞིན་དང་། དམིགས་སའི་རང་བཞིན། དངོས་ཕན་རང་བཞིན་བཅས་ཆེ་རུ་བཏང་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ལག་ལེན་ཁྲོད་ཀྱི་ཉམས་མྱོང་དང་བྱེད་སྟངས་བཟང་པོ་དུས་ཐོག་ཏུ་ལམ་ལུགས་ཀྱི་ཚད་གཞིར་འགྱུར་བ་བྱེད་དགོས། རིགས་པའི་གཞུང་ལུགས་ཞིབ་འཇུག་ཟབ་སྤེལ་དང་། སྲིད་ཞུགས་ཏང་འཛུགས་སྐྱོང་བྱེད་པའི་ཉམས་མྱོང་ཕྱོགས་བསྡོམས་ནན་ཏན། སྲིད་ཞུགས་ཏང་འཛུགས་སྐྱོང་བྱེད་པའི་ཆོས་ཉིད་ཁོང་དུ་ཆུད་པ་བཅས་བྱ་དགོས། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཁོངས་གཏོགས་ཚོང་ཚོགས་སྒྱུར་བཅོས་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་ཞབས་ཞུ་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་དང་། ལས་ཀའི་སྤུས་ཚད་དང་ཕན་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཏེང་ཞུའེ་ཞང་དང་། ཡིའུ་ཆོན། དམངས་གཙོ་ཏང་ཤོག་ཁག་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བ། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་བྱེད་སྒོར་ཞུགས་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་ཧྲན་ཞི་ཡི་གཞི་རིམ་ལས་བྱེད་མང་ཚོཊ་ལ་འཚམས་འདྲི་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གྲོས་ཚོགས་འཚོགས་པ། ཞི་ཅིན་ཕིང་གིས་འཛམ་གླིང་གི་དུས་བབ་ལ་དམིཊ་ནས་འདི་སྐད་གསུངས། ཞི་ཅིན་ཕིང་གི་རྣམ་བཤད་བཏུས་བསྒྲིགས་འདི་པར་འགྲེམས་བྱས་འདུག