ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་སུམ་ཅུ་སོ་བདུན་པའི་ཐོག་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་དེ་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་དེ་བས་ལེགས་པ་གཏོང་དགོས་པའི་ནན་སྟོན་གནང་བ།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྤྱི་ཟླ ༢ པའི་ཚེས ༢༥ ཉིན་གྱི་ཕྱི་དྲོ་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གྱི་ལམ་བུའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་སུམ་ཅུ་སོ་བདུན་པ་སྐོང་འཚོགས་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་མིས་འབད་བརྩོན་ལྷོད་མེད་ངང་དོན་གཉེར་བྱ་གཞི་ཞིག་ཡིན། ཏང་གི་ལོ་ངོ་བརྒྱའི་འབད་འཐབ་ལོ་རྒྱུས་དེ་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག འགྲོ་བ་མིའི་ཐོབ་ཐང་འགན་ལེན། འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་བཅས་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱས་པ་ཞིག་ཡིན། རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་ཀྱི་དམིགས་འབེན་ཕྱོགས་སུ་དཔུང་སྐྱོད་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་ཡོད་པས། ང་ཚོས་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་གི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་བའི་ལམ་བུའི་ཐོག་བསྐྱོད་དེ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུར་དེ་བས་མཐོང་ཆེན་བྱེད་པ་དང་། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་དེ་བས་ལེགས་པ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་བློ་མཐུན་ལུའུ་ཀོང་ཅིན་གྱིས་གནད་དོན་དེའི་ཐད་འགྲེལ་བཤད་བསྐྱོན་པ་དང་ལས་ཀའི་གྲོས་འགོ་བཏོན་གནང་བ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཁོང་གི་འགྲེལ་བཤད་ནན་ཏན་ངང་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ་རེད། ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་མིས་འབད་བརྩོན་ལྷོད་མེད་ངང་དོན་གཉེར་བྱ་གཞི་ཞིག་ཡིན། རང་རེའི་ཏང་དབུ་བརྙེས་པའི་ཉིན་ནས་བཟུང་། དམངས་གཙོ་བརྩོན་ལེན་དང་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་བྱེད་པའི་དར་ཆ་མཐོན་པོར་བསྒྲེངས་ཤིང་། རྒྱལ་ཁབ་དང་མི་དམངས་སྐྱོབ་རྒྱུ་དང་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་བྱ་རྒྱུའི་འདོད་ཚུལ་གསལ་སྟོན་བྱས་ཡོད། དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་དུས་སྐབས། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་དུས་སྐབས་གསར་པ་བཅས་སུ། རང་རེའི་ཏང་གིས་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་དོན་གཉེར་བྱེད་པའི་ཐོག་མའི་བསམ་འདུན་གྱི་ལས་འགན་ཁོང་དུ་བརྟན་པོ་ཆུད་པ་བྱས་ནས་མི་དམངས་ཀྱི་འགོ་ཁྲིད་དེ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་རླབས་ཆེན་རྒྱལ་ཁ་བླངས་པ་དང་། ཀྲུང་གོ་མི་དམངས་རྣམས་རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་ཀྱི་ལས་དབང་བཅས་ཀྱི་བདག་པོར་གྱུར་བ། ཀྲུང་གོ་མི་དམངས་ཀྱི་འཚོ་གནས་དབང་ཆ་དང་། གོང་འཕེལ་དབང་ཆ། དེ་མིན་གྱི་གཞི་རྩའི་དབང་ཆ་བཅས་འགན་ལེན་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད་ཅེས་ནན་སྟོན་གནང་ཡོད། ཞི་ཅིན་ཕིང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དེ་རྒྱལ་སྐྱོང་སྲིད་གཉེར་གྱི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད། ང་ཚོས་ལོ་བརྒྱ་ཐམ་པ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ལེགས་གྲུབ་བྱས་ཤིང་། ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་སྒོ་ནས་བལྟོས་མེད་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་གོང་འཕེལ་གཏོང་བར་དངོས་པོའི་རྨང་གཞི་སྔར་ལས་བརྟན་པོ་ཞིག་བཏིང་ཡོད། ང་ཚོས་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་གོང་འཕེལ་གཏོང་བ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་ལེན་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་པས། མི་དམངས་ལ་དེ་བས་རྒྱ་ཁྱབ་དང་། དེ་བས་ལེགས་པ། དེ་བས་ཁྱོན་ཡོངས་བཅས་ཀྱི་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། ང་ཚོས་ལས་ཞུགས་སྔར་ལས་འཐུས་ཚང་དང་སྔར་ལས་སྤུས་ལེགས་ཡོང་བར་སྐུལ་འདེད་བཏང་སྟེ། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་བཙུགས་ནས། མི་དམངས་ཀྱི་འཚོ་བའི་ཁོར་ཡུག་སྤུས་ཚད་ལེགས་བཅོས་ཤུགས་ཆེན་བྱས་ཡོད། ང་ཚོས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་རྩ་བའི་རྩེ་ལ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཐོག ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་ནུས་ལྡན་བཅག་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོབ་གང་ཐུབ་བྱས་ཡོད། ང་ཚོས་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས། མང་ཚོགས་ཀྱི་ཆོས་དད་ལ་བརྩི་འཇོག མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བཅས་བྱས་ཡོད། ང་ཚོས་ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དུས་བདེའི་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་གཏིང་ཟབ་བྱེད་པ། ནག་ཚོགས་གཙང་སེལ་གྱི་བྱ་སྤྱོད་ཁྱོན་ཡོངས་ནས་སྤེལ་བ། ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་གཏོང་བ། སྤྱི་ཚོགས་ཡུན་རིང་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བཅས་བྱེད་བཞིན་ཡོད། རང་རྒྱལ་ནི་འཛམ་གླིང་ཐོག་བསྟུད་མར་དུས་ཐེངས་བཞི་པའི་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་སྤྱོད་འཆར་གཞི་གཏན་འབེབས་དང་ལག་བསྟར་བྱེད་པའི་རྒྱལ་ཁབ་ཆེན་པོ་གཙོ་བོ་ཉག་ཅིག་དེ་ཡིན། ང་ཚོས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ནས་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གོང་འཕེལ་ཆེད་ཀྲུང་གོའི་ལེགས་སྐྱེས་ཕུལ་བ་དང་ཀྲུང་གོའི་ཇུས་གཞི་མཁོ་འདོན་བྱས་ཡོད་ཅེས་བསྟན་འདུག
ཞི་ཅིན་ཕིང་གིས། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད། རང་རེས་མར་ཁེ་སི་རིང་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་དང་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་ཕན་ཚུན་ཟུང་འབྲེལ་དང་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཕན་ཚུན་ཟུང་འབྲེལ་བྱས་ཏེ། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་པའི་ལེགས་གྲུབ་ལྡན་པའི་ཉམས་མྱོང་ལ་ཕྱོགས་བསྡོམས་བྱས་པ་དང་། མིའི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་འབྲས་དཔྱད་གཞིར་འཛིན་ནས། དུས་རབས་ཀྱི་འཕེལ་ཕྱོགས་དང་འཚམ་པ་དང་རང་རྒྱལ་གྱི་རྒྱལ་ཚུལ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་གི་གོང་འཕེལ་ལམ་བུའི་ཐོག་བསྐྱོད་ཡོད། དེ་ཡང་གཅིག་ནི། ཀྲུང་གོ་གུང་ཁྲན་ཏང་གི་དབུ་ཁྲིད་རྒྱུན་འཁྱོངས་བྱས་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་གཏན་འཁེལ་བྱས་པ་དང་། རང་རེས་མི་དམངས་ནས་རང་ཁྱིམ་རང་བདག་བྱེད་པར་འགན་སྲུང་བྱ་རྒྱུ་གཏན་འཁེལ་བྱས་པ། འདྲ་མཉམ་ངང་འགྲོ་བ་མིའི་ཐོབ་ཐང་མཉམ་སྤྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ། རིགས་ཁག་གི་འགྲོ་བ་མིའི་ཐོབ་ཐང་ཁྱོན་ཡོངས་ནས་གོང་འཕེལ་བཏང་བ་བཅས་ཀྱིས། ཆེས་རྒྱ་ཆེའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་ཟམ་མི་ཆད་པར་མངོན་འགྱུར་ཡག་པོ་དང་། སྲུང་སྐྱོང་ཡག་པོ། གོང་འཕེལ་ཡག་པོ་བཅས་བཏང་ཡོད། གཉིས་ནི། མི་དམངས་ཀྱི་གཙོ་གཟུགས་གནས་བབ་ལ་བརྩི་བཀུར་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ། མི་དམངས་རང་བཞིན་ནི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་ལམ་བུའི་ཆེས་མངོན་གསལ་དོད་པའི་ཁྱད་ཆོས་ཤིག་ཡིན། རང་རེས་མི་དམངས་ཀྱི་དམངས་གཙོའི་ཁེ་དབང་ལ་འགན་སྲུང་བྱས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཧུར་སེམས་དང་། རང་འགུལ་བསམ་པ། གསར་གཏོད་རང་བཞིན་བཅས་སྐུལ་སྤེལ་གང་ལེགས་བྱས་ཏེ། མི་དམངས་རྣམས་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གོང་འཕེལ་གྱི་ཐེ་ཞུགས་པ་དང་། སྐུལ་འདེད་པ། ཁེ་ཕན་ཐོབ་མཁན་བཅས་སུ་འགྱུར་བ་བྱས་ཞིང་། མིའི་ཁྱོན་ཡོངས་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། མི་དམངས་ཡོངས་ཀྱི་ཐུན་མོང་ཕྱུག་འགྱུར་ལ་དེ་བས་མངོན་གསལ་དོད་པའི་ངོ་བོའི་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། གསུམ་ནི། རང་རྒྱལ་གྱི་དོན་དངོས་གནས་ཚུལ་ནས་འགོ་འཛུགས་རྒྱུ་རྒྱུན་འཁྱོངས་བྱས་པ། རང་རེས་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་གྱི་རྩ་དོན་དང་ཀྲུང་གོའི་དོན་དངོས་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཤིང་། རང་རྒྱལ་གྱི་རྒྱལ་ཚུལ་དང་མི་དམངས་ཀྱི་རེ་བ་ནས་འགོ་བརྩམས་ཏེ་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་བཏང་བ་དང་། མི་དམངས་ལ་ཁྲིམས་ལྟར་ཆེས་རྒྱ་ཁྱབ་དང་། དངོས་ཡོད་ཞིབ་ཕྲ། ནུས་ཡོད་གོ་ཆོད་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་དབང་རྒྱུར་འགན་ལེན་བྱས་ཡོད། བཞི་ནི། འཚོ་གནས་ཀྱི་དབང་ཆ་དང་གོང་འཕེལ་གྱི་དབང་ཆ་གཙོ་བོར་འཛིན་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྒྱུན་འཁྱོངས་བྱས་པ། འཚོ་གནས་ནི་འགྲོ་བ་མིའི་ཐོབ་ཐང་ཆ་ཚང་བ་ལོངས་སྤྱོད་བྱེད་པའི་རྨང་གཞི་དེ་ཡིན་པ་དང་། མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ནི་འགྲོ་བ་མིའི་ཐོབ་ཐང་ཆེ་ཤོས་དེ་ཡིན། ང་ཚོས་ཆ་ལག་ཚང་བ་དང་། ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་བསྟར་བ་དང་། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་བསམ་བློ་རྒྱུན་འཁྱོངས་བྱས་པ། གོང་འཕེལ་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། གོང་འཕེལ་མི་དམངས་ལ་བརྟེན་དགོས་པ། གོང་འཕེལ་གྱི་གྲུབ་འབྲས་མི་དམངས་ནས་མཉམ་སྤྱོད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་དེ་བས་མཐོ་བ་དང་། ལས་ཕྱོད་དེ་བས་ཆེ་བ། དེ་བས་དྲང་སྙོམས་ལྡན་པ། དེ་བས་རྒྱུན་མཐུད་རུང་བ། དེ་བས་བདེ་འཇགས་ལྡན་པ་བཅས་ཀྱི་གོང་འཕེལ་ཧུར་ཐག་ཡོང་བ་བྱས་པ་དང་། གོང་འཕེལ་ཁྲོད་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་སྔར་བས་ཆེ་རུ་དང་། སྔར་བས་འགན་སྲུང་། སྔར་བས་རྒྱུན་མཐུད་རུང་བ་བྱས་ཡོད། ལྔ་ནི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་ལྟར་འགན་སྲུང་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ། ང་ཚོས་བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱས་པ་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་དེ་ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་ལྷུ་ཚིགས་ཁག་ལ་ཁྱབ་པ་བྱས་པ། ཁེ་དབང་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་དྲང་གཞག་བཅས་ཀྱི་འཐུས་སྒོ་ཚང་བའི་བཅའ་ཁྲིམས་ལམ་ལུགས་མགྱོགས་མྱུར་གྲུབ་པར་བྱས་པ་དང་། སྤྱི་དམངས་ཀྱི་མི་ལུས་དབང་ཆ་དང་། རྒྱུ་ནོར་དབང་ཆ། མི་གཞིའི་དབང་ཆ་བཅས་ལ་འགན་སྲུང་བྱས་པ། སྤྱི་དམངས་ཀྱི་དམངས་གཙོའི་འདེམས་བསྐོ་དང་། དམངས་གཙོའི་གྲོས་མོལ། དམངས་གཙོའི་ཐག་གཅོད། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་སོགས་ཀྱི་ཁྲོད་ཐེ་ཞུགས་བྱེད་པའི་གཞི་རྩའི་ཆབ་སྲིད་ཀྱི་ཁེ་དབང་འགན་སྲུང་བྱས་པ། སྤྱི་དམངས་ཀྱི་དཔལ་འབྱོར་དང་། རིག་གནས། སྤྱི་ཚོགས། ཁོར་ཡུག་སོགས་ཕྱོགས་གང་ཅིའི་ཁེ་དབང་འགན་སྲུང་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་ཁྲིམས་སྐྱོང་ཅན་གྱི་འགན་སྲུང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ། དྲུག་ནི་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ནང་ཧུར་ཐག་ངང་ཞུགས་རྒྱུ་རྒྱུན་འཁྱོངས་བྱས་པ། ང་ཚོས་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། འགྲོ་བ་མིའི་ཐོབ་ཐང་ཚུད་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྱོང་བྱེད་པའི་ཁྲོད་ཧུར་ཐག་ཞུགས་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། གོང་གསལ་གྱི་དོན་ཚན་དྲུག་པོ་ནི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་བའི་ཁྱད་ཆོས་གཙོ་བོ་ཡིན་ལ། ང་ཚོས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་ཐོབ་པའི་རྩ་ཆེའི་ཉམས་མྱོང་ཡང་ཡིན་པས། ལག་ལེན་གསར་པ་དང་ཟུང་འབྲེལ་བྱས་ནས་རྒྱུན་ཆད་མེད་པར་རྒྱུན་འཁྱོངས་ཡག་པོ་དང་གོང་འཕེལ་ཡག་པོ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས། འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཁྱོན་ཡོངས་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བར། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ལམ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་དང་བསྟུན་པ། མི་དམངས་ཀྱི་ཉིན་བཞིན་ཇེ་ཆེར་འགྲོ་བའི་ཕྱོགས་མང་པོའི་ཁེ་དབང་གི་དགོས་མཁོ་ཟམ་མི་ཆད་པར་སྐོང་ཐབས་བྱེད་པ། དཔལ་འབྱོར་འཕེལ་རྒྱས་དང་། དམངས་གཙོ་ཁྲིམས་སྐྱོང་། བསམ་བློ་རིག་གནས། དྲང་གཞག་དྲང་བདེན། སྤྱི་ཚོགས་བཅོས་སྐྱོང་། ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། ལས་ཞུགས་དང་། ཡོང་འབབ་བགོ་བཤའ། སློབ་གསོ། སྤྱི་ཚོགས་འགན་བཅོལ། སྨན་བཅོས། སྡོད་ཁང་། རྒན་གསོ། ཕྲུ་གུ་གཉོར་སྐྱོང་སོགས་ཕྱོགས་གང་ཅིའི་ལས་དོན་ཁྱོན་ཡོངས་ནས་ལེགས་པར་བསྒྲུབ་པ། དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་ཀྱི་དཔལ་ཡོན། འབྱུང་ཁམས་དཔལ་ཡོན་བཅས་མཐུན་སྦྱོར་ངང་གོང་འཕེལ་འགྲོ་བའི་ཁྲོད་འགྲོ་བ་མིའི་ཐོབ་ཐང་ལ་འགན་སྲུང་བྱེད་པའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་དེ་ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་སྦྲེལ་ཐག་ཧྲིལ་པོ་དང་། བརྒྱུད་རིམ་ཧྲིལ་པོ། གནས་བབ་ཧྲིལ་པོ་བཅས་སུ་ཁྱབ་པ་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་བཅའ་ཁྲིམས་ལམ་ལུགས་རེ་རེ་དང་། ཁྲིམས་བསྟར་གཏན་འབེབས་རེ་རེ། ཁྲིམས་འཛིན་གྱོད་གཞི་རེ་རེ་བཅས་ཀྱི་ཁྲོད་ནས་དྲང་གཞག་དྲང་བདེན་ཚོར་ཐུབ་པ་བྱེད་དགོས། ཁྲིམས་སྐྱོང་ཁྱབ་ཁོངས་སུ་མི་དམངས་མང་ཚོགས་ལ་བསམ་འཆར་ཆེན་པོ་ཡོད་པའི་གནད་དོན་མངོན་གསལ་དོད་རིགས་ལ་ཆ་ལག་ཚང་བའི་སྒོ་ནས་ཞིབ་འཇུག་ཇུས་འགོད་དང་ཐག་གཅོད་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་རེ་ཞུར་ཁྲིམས་ལྟར་དྲང་གཞག་གི་ལྟ་སྟངས་འཛིན་པ། ཁྲིམས་འཛིན་དྲང་གཞག་མིན་པའི་དབང་གིས་མི་དམངས་མང་ཚོགས་ཀྱི་སེམས་ལ་གནོད་འཚེ་གཏོང་རིགས་དང་མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གནས་ཚུལ་ཐོན་རྒྱུ་མཐའ་གཅིག་ཏུ་གཏན་འགོག་བྱ་དགོས། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཡོད་ཚད་དང་མང་ཚོགས་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བའི་གནད་དོན་ཐད་སྣང་མེད་དུ་བཞག་པ་དང་དོ་ཁུར་གཏན་ནས་མི་བྱེད་པའི་སྣང་ཚུལ་ཡོད་ཚད་ལ་ངེས་པར་དུ་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་དང་འགན་འཁྲི་བདའ་འདེད་མཐའ་གཅིག་ཏུ་གཏོང་དགོས་ཞེས་ནན་སྟོན་གནང་འདུག
ཞི་ཅིན་ཕིང་གིས། ཡང་དག་པའི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་དར་སྤེལ་བཏང་ནས་འགྲོ་བ་མིའི་ཐོབ་ཐང་དྲིལ་བསྒྲགས་དང་ཤེས་བྱ་ཁྱབ་གདལ་རྒྱ་ཁྱབ་བཏང་སྟེ། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས། མི་དམངས་ཡོངས་དང་ལྷག་པར་དུ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཁྲོད་དུ་འགྲོ་བ་མིའི་ཐོབ་ཐང་གི་ཤེས་བྱའི་སློབ་གསོ་སྤེལ་ནས་མར་ཁེ་སི་རིང་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྟ་བ་དང་དེང་རབས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ལྟ་བའི་སློབ་གསོ་དེ་རྒྱལ་དམངས་སློབ་གསོའི་མ་ལག་ནང་འཇུག་དགོས། གཞུང་དོན་ལས་སྒྲུབ་པ་དང་ཁྱད་པར་དུ་གཞི་རིམ་གྱི་གཞུང་དོན་མི་སྣར་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ཤེས་བྱ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་བུད་མེད་དང་། བྱིས་པ། རྒན་རྒོན། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་མི་ཚོགས་ཁག་གི་ཁེ་དབང་འགན་ལེན་དེ་བས་ལེགས་པ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གོང་འཕེལ་གྱི་གསོན་ཉམས་ལྡན་པའི་ལག་ལེན་ལ་བརྟེན་ཐོག་ཐོག་མའི་གསར་གཏོད་རང་བཞིན་གྱི་མཚན་ཉིད་བཏོན་ནས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་རིག་ཚན་མ་ལག་དང་། རིག་གཞུང་མ་ལག སྐད་བརྡའི་མ་ལག་བཅས་གོང་འཕེལ་གཏོང་དགོས། འགྲོ་བ་མིའི་ཐོབ་ཐང་གི་རིག་མཛོད་དང་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་རྟེན་གཞི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་རིགས་པའི་གཞུང་ལུགས་ཏན་ཏིག་དང་། རིག་གཞུང་བྱང་ཆུབ་པ། རྒྱལ་སྤྱིའི་སྒྲིག་སྲོལ་ལ་རྒྱུས་མངའ་ཡོད་པ། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གཏམ་རྒྱུད་ཤོད་ཤེས་པ་བཅས་ཀྱི་རྩེར་སོན་འགྲོ་བ་མིའི་ཐོབ་ཐང་གི་རིགས་གཅིག་མཁས་པའི་དཔུང་ཁག་ཁག་གཅིག་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱེད་དགོས་ཞེས་བསྟན་འདུག
ཞི་ཅིན་ཕིང་གིས། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། མིའི་རིགས་ཀྱི་ཐུན་མོང་རིན་ཐང་ལྟ་བ་དར་སྤེལ་གཏོང་བ། འདྲ་མཉམ་ཡིད་ཆེས་དང་། ཁོང་ཡངས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། མཉམ་ལས་གཉིས་རྒྱལ། ཐུན་མོང་གོང་འཕེལ་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་དེ་བས་དྲང་གཞག་དང་། དྲང་བདེན། ལུགས་མཐུན། ཁོང་ཡངས་བཅས་ཀྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ནང་ཧུར་ཐག་ཞུགས་ཏེ་རྒྱལ་ཁབ་ཁག་དང་ལྷག་པར་དུ་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྤེལ་རེས་མཉམ་ལས་རྒྱ་ཁྱབ་ངང་སྤེལ་ནས་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་ནན་སྟོན་གནང་འདུག
ཞི་ཅིན་ཕིང་གིས། འགྲོ་བ་མིའི་ཐོབ་ཐང་ནི་ལོ་རྒྱུས་དང་། ཞིབ་ཕྲ། དོན་དངོས་བཅས་ཡིན་པས། རྒྱལ་ཁབ་མི་འདྲ་བའི་སྤྱི་ཚོགས་ཀྱི་ཆབ་སྲིད་ཆ་རྐྱེན་དང་ལོ་རྒྱུས་རིག་གནས་ཀྱི་སྲོལ་རྒྱུན་དང་ཁ་བྲལ་ནས་འགྲོ་བ་མིའི་ཐོབ་ཐང་སྟོང་བཤད་བྱེད་མི་རུང་། རྒྱལ་ཁབ་ཅིག་ལ་མིའི་ཐོབ་ཐང་ཡོད་མེད་ལ་གདེང་འཇོག་བྱེད་སྐབས། རྒྱལ་ཁབ་གཞན་དག་གི་ཚད་གཞིར་གཞིགས་ནས་ཚད་འཇལ་བྱེད་མི་རུང་ལ། ཚད་གཞི་ཉིས་བརྩེགས་དེ་བས་ཀྱང་བྱེད་མི་རུང་བ་དང་། ཐ་ན་མིའི་ཐོབ་ཐང་དེ་རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུ་ཡང་བརྩི་མི་རུང་། འཐབ་ཇུས་ཀྱི་རང་འགུལ་སྟངས་འཛིན་བྱས་ཏེ་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་གཏམ་རྒྱུད་ནུས་ཤུགས་ཡོད་རྒུས་ཡག་པོ་ཤོད་པ་དང་། གཟུགས་བརྙན་ཅན་དང་ཞིབ་ཕྲ་ཅན་གྱི་མཚོན་ཐབས་སྤྱད་དེ་དེང་རབས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ལྟ་བའི་ཡིད་དབང་འཕྲོག་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྟན་འདུག
ཞི་ཅིན་ཕིང་གིས། རིམ་ཁག་ཏང་ཨུད་དང་ཏང་ཙུའུ་ཡིས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། རང་འགུལ་ངང་འགན་འཁྲི་འཁུར་བ་བཅས་བྱས་ཏེ། རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་བྱ་སྤྱོད་འཆར་གཞི་དོན་འཁྱོལ་ཏན་ཏིག་བྱེད་དགོས། རིམ་པ་ཁག་གི་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་རང་རྟོགས་ངང་མར་ཁེ་སི་རིང་ལུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་དང་དེང་རབས་ཀྱི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་སློབ་སྦྱོང་བྱས་ནས། ངོས་འཛིན་མཐོ་རུ་གཏོང་བ་དང་རང་ལ་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་སྟེ་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་པའི་ལས་དོན་ཁག་རང་འགུལ་ངང་ཡག་པོ་བསྒྲུབ་དགོས། ས་ཁུལ་ཁག་དང་། སྡེ་ཁག་ཁག ལས་རིགས་ཁག་བཅས་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་ནས་རང་རྒྱལ་གྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས་ཞེས་ནན་སྟོན་གནང་འདུག།