གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་སྲིད་གྲོས་ཨུ་ཡོན་ལ་གཟིགས་གནང་བ།

སྤེལ་དུས་: 2022ལོ་03ཟླ་07ཚེས་ 15:45 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཞི་ཅིན་ཕིང་ནས་སྲིད་གྲོས་གྲོས་ཚོགས་ལ་ཞུགས་པར་ཕེབས་ཏེ་ཞིང་ལས་ལས་རིགས་དང་སྤྱི་ཚོགས་ཕན་བདེ་དང་། སྤྱི་ཚོགས་འགན་སྲུང་ལས་རིགས་བཅས་ཀྱི་ཨུ་ཡོན་ལ་གཟིགས་གནང་བ་མ་ཟད། ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་མཐོ་རུ་གཏོང་རྒྱུ་དེ་ནི་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས་པ་དང་། སྤྱི་ཚོགས་འགན་སྲུང་བྱ་གཞག་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་ནུས་པ་མུ་མཐུད་དེ་འདོན་དགོས་ཞེས་ནན་སྟོན་ཀྱང་གནང་བ།

སྤྱི་ཟླ ༣ ཚེས ༦ ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་ཏེ་ཞིང་ལས་ལས་རིགས་དང་། སྤྱི་ཚོགས་ཕན་བདེ། སྤྱི་ཚོགས་འགན་སྲུང་ལས་རིགས་བཅས་ཀྱི་ཨུ་ཡོན་ལ་གཟིགས་གནང་བ་མ་ཟད། མཉམ་འབྲེལ་ཚོགས་ཆུང་གི་གྲོས་ཚོགས་ལ་ཞུགས་ནས་བསམ་འཆར་དང་གྲོས་འགོ་གསན་གནང་བ་རེད། ཁོང་གིས། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བར་ངེས་པར་དུ་ཞིང་ལས་ཐོན་རྫས་གཙོ་བོ་དང་ལྷག་དོན་དུ་འབྲུ་རིགས་མཁོ་སྤྲོད་འགན་ལེན་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་གཏོང་རྒྱུ་དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་པ་དང་། འབྲུ་རིགས་ས་ཞིང་ལ་བརྟེན་པ་དང་འབྲུ་རིགས་ལག་རྩལ་ལ་བརྟེན་པའི་ལས་དོན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། སྤྱི་ཚོགས་འགན་སྲུང་བྱ་གཞག་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་ཤུགས་རྒྱག་དགོས་པ་དང་། སྤྱི་ཚོགས་འགན་སྲུང་གི་བདེ་འཇགས་དྲ་བ་ཚགས་ཚུད་པོ་བཟོས་ནས་མི་དམངས་ཀྱི་འཚོ་བའི་ཆེད་དུ་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་སྟོན་གནང་བ་རེད།

图片

གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་འདིར་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་ཞུགས་པའི་བུད་མེད་འཐུས་མི་དང་། བུད་མེད་ཨུ་ཡོན། བུད་མེད་ལས་དོན་པ། རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་ཝན་ས་ཁུལ་བཅས་ཀྱི་བུད་མེད་སྤུན་ཟླ། ཕྱི་རྒྱལ་དུ་ཡོད་པའི་བུད་མེད་ཕྱིར་སྡོད་རང་མི་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུས་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་འཚམས་འདྲི་གནང་བ་དང་གྲོས་བསྡུར་བྱེད་པའི་ནང་ཞུགས་ཡོད་པ་རེད།

མཉམ་འབྲེལ་ཚོ་ཆུང་གི་གྲོས་ཚོགས་ཐོག དབྱང་ཧྥེང་ཅེ་དང་། ཝང་ཅིང་། ཐང་ཅུན་ཅེ། མོ་རུང་། ཡི་ཤེས་ཟླ་བ། ཝན་ཅན་རྨིན། ཝང་ཧའེ་ཅིང་བཅས་ཨུ་ཡོན་བདུན་ནས་གྲོང་གསེབ་ཀྱི་ཐོན་ལས་གོང་འཕེལ་ཤུགས་ཆེར་གཏོང་བ་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་རྨང་རྡོ་བརྟན་དུ་གཏོང་བ། འདེབས་འཛུགས་ལས་རིགས་ཀྱི་རང་བརྟེན་གསར་གཏོད་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་འགན་སྲུང་མ་ལག་གི་ཞན་ཆ་གསབ་པ། སྤྱི་ཚོགས་ཕན་བདེའི་བྱ་གཞག་རྒྱུན་མཐུད་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་གཏམ་བཤད་གནང་བ་རེད།

图片

ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་གསན་རྗེས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཞིང་ལས་ལས་རིགས་དང་། སྤྱི་ཚོགས་ཕན་བདེ་དང་སྤྱི་ཚོགས་འགན་སྲུང་ལས་རིགས་ཀྱི་ཨུ་ཡོན་ལ་འཚམས་འདྲི་ཞུ་རྒྱུ་མ་ཟད་ཚོགས་ཆུང་མཉམ་འབྲེལ་གྱི་གྲོས་བསྡུར་ནང་ཞུགས་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་པ་རེད། ཁོང་ནས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ཏེ་འདིར་བཞུགས་ཨུ་ཡོན་རྣམ་པ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོར་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་ལས་དང་སྤྱི་ཚོགས་འགན་སྲུང་དང་སྤྱི་ཚོགས་ཕན་བདེའི་ལས་དོན་པར་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།

ཞི་ཅིན་ཕིང་གིས། འདས་ཟིན་པའི་ལོ་གཅིག་རིང་། རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་རྒྱལ་སྤྱིའི་གནས་བབ་དང་། དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བའི་རྒྱལ་ནང་གི་བསྒྱུར་བཅོས་གོང་སྤེལ་བརྟན་ལྷིང་བཅས་ཀྱི་ལས་འགན་སྤྱི་དང་། ལྷག་པར་དུ་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཚབས་ཆེན་ཕོག་པར་དམིགས་ནས། ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཞུམ་མེད་འབད་འཐབ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་ལ་དུས་བཀག་ལྟར་རྒྱལ་ཁ་ཐོབ་པ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་དུས་བཀག་ལྟར་སྐྲུན་ཚར་བ། ལོ་བརྒྱ་ཐམ་པ་དང་པོའི་འབད་འཐབ་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཡོང་བ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་དང་ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་སྐྱོད་བྱེད་འགོ་ཚུགས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པ་དང་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་འགོ་ཡག་པོ་འཛུགས་ཐུབ་པ་བྱས་ཡོད། གྲུབ་འབྲས་དེ་དག་ལས་སླ་པོར་ཐོབ་པ་ཞིག་མིན་པར་དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱས་པའི་འབྲས་བུ་ཞིག་ཡིན་ལ། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུའང་ཡིན་ཞེས་བསྟན་གནང་བ་རེད།

ཞི་ཅིན་ཕིང་གིས། དེང་སྐབས་རྒྱལ་སྤྱིའི་དུས་བབ་ལ་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་ལྡོག་དང་། ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམ་ནད་ཕན་ཚུན་འདྲེས་མར་གནས་པ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་འགོག་རྐྱེན་འཕྲད་པ། རྒྱལ་ཁབ་ཆེན་མོའི་དབར་གྱི་འཐབ་རྩོད་ཉིན་བཞིན་ཛ་དྲག་ཏུ་འགྲོ་བ། འཛམ་གླིང་འདི་ཉིད་ཟང་ཟིང་གི་འཕོ་འགྱུར་གསར་པའི་དུས་སུ་སླེབས་པ། རྒྱལ་ནང་གི་བསྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་དཀའ་ཚེགས་ཆེ་ལ་ལྕི་པོ་ཡོད། ང་ཚོས་མཐོང་དགོས་པ་ཞིག་ལ་རང་རྒྱལ་གྱི་གོང་འཕེལ་ལ་སྔར་བཞིན་འཐབ་ཇུས་རང་བཞིན་གྱི་མཐུན་རྐྱེན་མང་པོ་ལྡན་ཡོད། གཅིག་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་སྟོབས་ཆེའི་འགོ་ཁྲིད་ཡོད་ཅིང་། ཁྱོན་ཡོངས་ཀྱི་གནས་ཚུལ་འཛིན་སྐྱོང་དང་། ཕྱོགས་གང་ཅིའི་མཐུན་སྦྱོར་བྱས་ཏེ་ཉེན་ཁ་དང་འགྲན་སློང་གལ་ཆེན་སྣ་ཚོགས་ལ་བབ་བརླིང་ངང་ཁ་གཏད་འཇལ་བར་རྩ་བའི་ཆབ་སྲིད་ཀྱི་འགན་ལེན་བྱེད་བཞིན་ཡོད། གཉིས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པ་དང་རང་རྒྱལ་གྱི་ཆབ་སྲིད་ལམ་ལུགས་དང་བཅོས་སྐྱོང་མ་ལག་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པ། དབུལ་སྒྲོལ་འགག་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་པ་སོགས་ཀྱི་ལག་ལེན་ཁྲོད་ཁྱད་འཕགས་རང་བཞིན་སྔར་བས་མངོན་གསལ་དོད་དུ་ཕྱིན་ནས། ཀྲུང་གོའི་བཅོས་སྒྲིག་དང་ནུབ་ཕྱོགས་ཀྱི་ཟིང་ཆའི་དབར་གྱི་བསྡུར་བ་དེ་བས་མངོན་གསལ་དོད་པོ་ཡོད། གསུམ་ནས་རྒྱུན་མཐུད་དང་མགྱོགས་མྱུར་གོང་འཕེལ་གྱི་གསོག་འཇོག་རྨང་གཞི་བརྟན་པོ་ཡོད་པ་དང་། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། དཔལ་འབྱོར་གྱི་གཞི་ཁྱོན་ཆེ་བ་དང་། བསམ་བློ་གཏོང་གཞི་ཆེ་བ། གཞི་ཁྱོན་ཆེ་བའི་ཁྲོམ་ར་ཡོད་པ། དུས་ཡུན་རིང་པོའི་ནང་ལེགས་པར་ཕྱོགས་པའི་གཞི་རྩའི་གནས་ཚུལ་ལ་འགྱུར་ལྡོག་འགྲོ་མི་སྲིད་པ། ལྡེམ་ཤུགས་དང་གསོན་ཤུགས་ཆེན་པོ་ལྡན་ཡོད་པ་བཅས་རེད། བཞི་ནས་ཡུན་རིང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་ཡོད་པ་དང་། མི་དམངས་ཀྱི་ཐོབ་ཚོར་དང་སྐྱིད་ཚོར། བདེ་ཚོར་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ནས་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་མུ་མཐུད་དེ་བཏོད་ཡོད། ལྔ་ནས་རང་གིས་རང་ལ་ཡིད་ཆེས་དང་རང་སྟོབས་ཆེར་སྐྱེད་ཀྱི་བསམ་པའི་སྟོབས་ཤུགས་ཡོད་པ་དང་། ཀྲུང་གོའི་མི་དམངས་ཀྱི་ཧུར་སེམས་དང་། རང་འགུལ་བྱེད་སེམས། གསར་གཏོད་བྱེད་སེམས་བཅས་སྔར་བས་སྐུལ་སློང་བྱས་ནས་བློ་སྟོབས་དང་། ལ་རྒྱ། གདིང་ཤུགས་བཅས་སྔར་བས་ཆེ་རུ་གཏོང་བ་དང་། ཏང་སེམས་དང་། དམག་སེམས། དམངས་སེམས་བཅས་ཀྱི་བློ་སྟོབས་འཕེལ་ཡོད། ང་ཚོས་དཀའ་ངལ་ལ་ལྟ་སྟངས་ཡང་དག་འཛིན་དགོས་ལ་ཡིད་ཆེས་བརྟན་པོའང་འཆང་ནས་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ། འཐབ་རྩོད་བྱེད་ཕོད་པ། འབད་འབུངས་ཡར་བརྩོན་བྱེད་པ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པ་བཅས་ཡིན་ཞེས་ནན་སྟོན་གནང་འདུག

ཞི་ཅིན་ཕིང་གིས། འབྲུ་རིགས་བདེ་འཇགས་ནི་རྒྱལ་ཁབ་ཀྱི་དོན་ཆེན་ཡིན། སྐྱེ་བོའི་ཚོགས་ཀྱི་བྱ་བའི་ཁྲོད། ཟས་དང་ཟ་རིགས་གཙོ་བོ་ཡིན། དམངས་རྣམས་ཟས་ལ་བརྟེན། དཀའ་སྤྱད་འབད་བརྩོན་བྱས་མཐར། རང་རྒྱལ་གྱིས་རྨོ་ཞིང་འཛམ་གླིང་གི་བརྒྱ་ཆ་9དང་། ཚྭ་མེད་ཆུའི་ཐོན་ཁུངས་བརྒྱ་ཆ་6ལ་བརྟེན་ནས་འཛམ་གླིང་མི་འབོར་གྱི་ལྔ་ཆ་གཅིག་ཙམ་འཚོ་སྐྱོང་བྱེད་བཞིན་ཡོད། སྔར་གྱི་མི་དུང་ཕྱུར་བཞི་ཡང་ལྟོ་ཡིས་གྲོད་པ་མི་རྒྱགས་པའི་མཚམས་ནས་ད་ཆ་མི་དམངས་དུང་ཕྱུར་བཅུ་བཞི་ཞིམ་པའི་ཟས་ལ་རོལ་རྒྱུ་བྱུང་བའི་དོན་ངོ་མའི་ཐོག་ནས་སུ་ཞིག་གིས་ཀྲུང་གོ་སྐྱོང་བའི་གནད་དོན་དེར་ལན་གསལ་པོ་ཞིག་བཏབ་ཡོད། གྲུབ་འབྲས་དེ་ཐོབ་པ་ལས་སླ་པོ་ཞིག་མིན་པས། ང་ཚོས་མུ་མཐུད་ནས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། འབྲུ་རིགས་བདེ་འཇགས་ཀྱི་གནད་དོན་དེའི་ཐད་སྣང་ཆུང་རྩ་བ་ནས་བྱེད་མི་རུང་ལ། བཟོ་ལས་ཅན་ལ་སླེབས་པའི་དབང་གིས་ཟ་རིགས་ཀྱི་གནད་དོན་ཆུང་ཆུང་ཞིག་རེད་བསམ་ནས་སྡོད་མི་རུང་བ་དང་། རྒྱལ་སྤྱིའི་ཁྲོམ་རས་གནད་དོན་དེ་ཐག་གཅོད་བྱ་རྒྱུའི་རེ་བ་བཅོལ་ནས་སྡོད་མི་རུང་། ཆུ་མ་ཤོར་གོང་ནས་ཆུ་རགས་ཞེས་པའི་དཔེ་ལྟར། འབྲུ་རིགས་བདེ་འཇགས་སྐོར་གྱི་དོན་དག་རྣམས་ཚགས་ཚུད་པོས་བསྒྲུབ་དགོས་པ་དང་། སྔ་ཕྱི་བར་གསུམ་དུ་རང་ལ་བརྟེན་རྒྱུ་གཙོ་བོར་འཛིན་པ་དང་། རྒྱལ་ནང་ལ་གཞིས་ཚུགས་པ། ཐོན་ནུས་འགན་ལེན་བྱེད་པ། ནང་འདྲེན་འོས་འཚམ་བྱེད་པ། ཚན་རྩལ་ལ་བརྟེན་ནས་འདེགས་སྐྱོར་བྱེད་པ་བཅས་སྔ་ཕྱི་བར་གསུམ་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། འབྲུ་རིགས་བདེ་འཇགས་སྐོར་གྱི་ཏང་སྲིད་འགན་འཁྲི་གཅིག་པ་ཡིན་པ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ་དང་། འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་ཀྱི་དཔྱད་ཞིབ་ནན་པོ་བཟོ་དགོས་པ། ཐོན་ཁུལ་གཙོ་བོ་དང་། འཚོང་ཁུལ་གཙོ་བོ། ཐོན་སྐྱེད་དང་ཕྱིར་ཚོང་དོ་སྙོམས་ཁུལ་བཅས་ཀྱིས་ཟ་མ་མཉམ་བཟའ་དང་འགན་མཉམ་འཁུར་བྱེད་དགོས། བཀོད་སྒྲིག་ལེགས་གཏོང་བྱེད་དགོས་པ་དང་། ཟ་འབྲུ་བརྟན་པོ་དང་། མ་རྨོས་ལོ་ཏོག་བརྟན་པོ། སྲན་ཆེན་མང་གཏོང་། སྣུམ་རྒྱུ་མང་གཏོང་བཅས་བྱེད་པ། འབྲུ་རིགས་ཀྱི་ལོའི་ཐོན་འབོར་རྒྱ་མ་དུང་ཕྱུར་ཆིག་ཁྲི་སུམ་སྟོང་ཡན་ལ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་བའི་ལྟོ་ཕོར་ནང་གཙོ་བོ་ཀྲུང་གོའི་འབྲུ་རིགས་བླུགས་དགོས། ཞིང་པའི་འབྲུ་རིགས་འདེབས་འཛུགས་ཀྱི་ཧུར་བརྩོན་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། གཞི་ཁྱོན་འོས་འཚམ་ལྡན་པའི་ཚོང་གཉེར་གོང་འཕེལ་གཏོང་བ་བརྒྱུད། ཞིང་པར་ཕན་པ་ཐོབ་པ་དང་ཕན་པ་མང་ཙམ་ཐོབ་པ་བྱེད་དགོས། བཟའ་བཏུང་འཕྲོ་བརླག་གཏོང་བའི་བྱ་སྤྱོད་གཏན་འགོག་བྱ་རྒྱུ་དེ་དུས་ཡུན་རིང་པོའི་ལས་འགན་ཞིག་ཡིན་པ་དང་། དམ་འཛིན་ལྷོད་མེད་བྱས་ཏེ། གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། རྨོ་ཞིང་ནི་འབྲུ་རིགས་ཐོན་སྐྱེད་ཀྱི་བླ་སྲོག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་རྒྱུན་མཐུད་གོང་འཕེལ་གཏོང་བའི་རྨང་གཞི་ཡིན། ས་ཞིང་ནི་ས་ཞིང་རང་ཡིན་པས། འདེབས་འཛུགས་ལས་རིགས་དང་ལྷག་པར་དུ་འབྲུ་རིགས་ཐོན་སྐྱེད་ཁོ་ནའི་ཐད་སྤྱོད་དགོས། ཆེས་ནན་པའི་རྨོ་ཞིང་སྲུང་སྐྱོབ་ལམ་ལུགས་དོན་འཁྱོལ་བྱེད་དགོས་པ་དང་། སྤྱོད་སྒོ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ། བཟུང་བ་དང་ཁ་གསབ་དོ་སྙོམས་ཚད་ལྡན་བཟོ་བ། ས་ཆ་འཁོར་རྒྱུག་གི་སྤྱོད་སྒོའི་དོ་དམ་ཚོད་འཛིན་ནན་དུ་གཏོང་བ། ཐང་རྒོད་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། རྨོ་ཞིང་ཞིང་ལས་མིན་པའི་ཐད་སྤྱོད་རྒྱུ་དང་གཞི་རྩའི་ས་ཞིང་འབྲུ་རིགས་འདེབས་འཛུགས་མིན་པའི་ཐད་སྤྱོད་པའི་རིགས་གཏན་འགོག་བྱེད་པ། ས་ཞིང་ངེས་པར་དུ་ཞིང་ས་གཤིན་པོ་ཡིན་དགོས་པ་དང་། རྒྱལ་ཁབ་འབྲུ་རིགས་བདེ་འཇགས་ཀྱི་ཐོན་ལས་རྒྱུད་འཛུགས་སྐྲུན་བྱེད་དགོས་པ། ས་ཞིང་གི་ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ས་ནག་སྲུང་སྐྱོབ་ལས་གྲྭ་ལག་བསྟར་བྱེད་པ། ས་ཞིང་བ་ཚྭ་ཅན་རིགས་དབྱེའི་ཐོག་ནས་སྒྱུར་བཀོད་གཏོང་བ། མུའུ་དུང་ཕྱུར ༡༠ ཟིན་པའི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ཧུར་ཐག་བྱེད་པ། བྱ་ཐབས་ནན་པོ་བཟུང་བ་དང་། ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་རྨོ་ཞིང་སྲུང་སྐྱོབ་འགན་འཁྲི་ཁྱོན་ཡོངས་ནས་རྩད་གཅོད་ནན་པོ་བྱེད་པ་དང་། ཀྲུང་དབྱང་དང་ས་གནས་ཁག་དབར་རྨོ་ཞིང་སྲུང་སྐྱོབ་སྐོར་གྱི་ཁས་ལེན་ཡི་གེ་བཞག་པ་བརྒྱུད། དཔྱད་ཞིབ་ནན་པོ་བཟོ་བ་དང་ཚེ་གང་རྩད་གཅོད་བྱས་ནས། རྨོ་ཞིང་མུའུ་དུང་ཕྱུར ༡༨ དེ་ཉིད་བེད་སྤྱོད་གཏོང་དགོས་སར་གཏོང་རྒྱུར་འགན་ལེན་བྱ་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ཟ་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པར། རྩ་བའི་བྱ་ཐབས་དེ་ཚན་རྩལ་ལ་བརྟེན་དགོས། ས་བོན་བདེ་འཇགས་ཡོང་མིན་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད་པས། ངེས་པར་དུ་བློ་ཐག་ཆོད་པོས་རང་རྒྱལ་གྱི་འདེབས་འཛུགས་ལས་རིགས་ལ་སྐུལ་འདེད་བཏང་ནས། འདེབས་འཛུགས་ཚན་རྩལ་རང་སྟོབས་རང་འཕེལ་དང་། ས་བོན་རང་བརྟེན་རང་ཚོད་ཐུབ་པ་བྱེད་དགོས། རང་རྒྱལ་ལམ་ལུགས་ཀྱི་བཟང་ཆ་འདོན་སྤེལ་བཅའ་ཁྲིམས་བྱེད་དགོས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་བཟང་ཆའི་ཐོན་ཁུངས་བཀོད་གཏོང་བྱེད་པ། འདེབས་འཛུགས་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་གསར་སྐྲུན་ལས་སྟེགས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྨང་གཞིའི་རང་བཞིན་དང་སྔོན་ཐོན་རང་བཞིན་གྱི་ཞིབ་འཇུག་ལ་ཤུགས་སྣོན་རྒྱག་པ། ས་བོན་གྱི་རྒྱུ་སྤུས་ཐོན་ཁུངས་བསྡུ་རུབ་དང་སྲུང་སྐྱོབ་གསར་སྤེལ་བེད་སྤྱོད་བཅས་ལ་ཤུགས་རྒྱག་པ། སྐྱེ་དངོས་ས་བོན་གསོ་སྤེལ་ཐོན་ལས་ཅན་གྱི་གོམ་སྟབས་མགྱོགས་སུ་གཏོང་དགོས། ཞིང་ལས་ཚན་རྩལ་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། ཁེ་ལས་ཀྱི་གསར་སྐྲུན་གཙོ་གཟུགས་གནས་བབ་མཐོ་རུ་གཏོང་བ། ས་བོན་སྣ་རིགས་ཆ་ཚང་བའི་ཞིབ་དཔྱད་གཏན་འཁེལ་དང་ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། གསར་སྐྲུན་འབྲེལ་ཐག་འཛུགས་སྐྲུན་བྱ་རྒྱུ་དམ་འཛིན་བྱེད་སར་བྱས་ཏེ་རང་རྒྱལ་འདེབས་འཛུགས་ལས་རིགས་ཀྱི་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། འབྲུ་རིགས་ཀྱི་ལྟ་བ་ཆེན་པོ་འཛུགས་པ་བརྒྱུད། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྔར་ལས་ལྷག་པ་སྐོང་བ་དང་། མི་དམངས་མང་ཚོགས་ཀྱི་འབྲུ་རིགས་གྲུབ་ཆའི་འགྱུར་ལྡོག་དམ་འཛིན་བྱེད་པ། འབྲུ་རིགས་མཁོ་སྤྲོད་འགན་ལེན་བྱེད་པ་དང་ཆབས་ཅིགཤ་དང་། ཚལ། ཤིང་འབྲས། ཆུའི་ཐོན་རྫས་ལ་སོགས་པའི་རིགས་ཁག་གི་ཟ་རིགས་མཁོ་སྤྲོད་ནུས་ལྡན་བྱེད་དགོས་པ་དང་། དེ་དག་ཁྲོད་ནས་གཅིག་ཀྱང་ཉུང་མི་རུང་། འབྱུང་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཡག་པོ་བྱེད་པའི་སྔོན་འགྲོའི་འོགརྨོ་ཞིང་ཐོན་ཁུངས་ནས་རྒྱལ་ཁོངས་ས་ཆའི་ཐོན་ཁུངས་ཡོངས་ལ་རྒྱ་སྐྱེད་གཏོང་བ་དང་། འབྲུ་འདེབས་དང་འཚམ་ན་འབྲུ་རིགས་འདེབས་པ་དང་། ཚོང་གཉེར་དང་འཚམ་ན་ཚོང་གཉེར་ཐད་སྤྱོད་པ། འབྲོག་ལས་དང་འཚམ་ན་འབྲོག་ལས་ཐད་སྤྱོད་པ། ཉ་ལས་དང་འཚམ་ན་ཉ་ལས་ཐད་སྤྱོད་པ། ནགས་ལས་དང་འཚམ་ན་ཉ་ལས་ཐད་སྤྱོད་པ་བཅས་ཀྱི་ཁྲོམ་རའི་དགོས་མཁོ་དང་འཚམ་མཐུན་ཐུབ་པ་དང་ཐོན་ཁུངས་ཁོར་ཡུག་གི་ཐེག་ཚད་དང་ཕན་ཚུན་འབྲེལ་མཐུད་ཐུབ་པའི་དེང་རབས་ཞིང་ལས་ཐོན་སྐྱེད་གྲུབ་ཆ་དང་ས་ཁོངས་བཀོད་སྒྲིག་ཆགས་པ་བྱ་དགོས། ནགས་ཚལ་ནས་ཟ་རིགས་ལེན་ཐབས་བྱེད་པ་དང་། གཙང་པོ་དང་མཚོ་མཚེའུ་ལས་ཟ་རིགས་ལེན་ཐབས་བྱེད་པ། སྒྲིག་ཆས་ཞིང་ལས་ནས་ཟ་རིགས་ལེན་ཐབས་བྱེད་པ། དེ་དང་ཆབས་ཅིག་ཏུ་སྲོལ་རྒྱུན་གྱི་ལོ་ཏོག་དང་སྒོ་ཕྱུགས་ཐོན་ཁུངས་ནས་དེ་བས་ཕུན་སུམ་ཚོགས་པའི་སྐྱེ་དངོས་ཐོན་ཁུངས་རྒྱ་སྐྱེད་གཏོང་བ་དང་། སྐྱེ་དངོས་ཚན་རྩལ་དང་སྐྱེ་དངོས་ཐོན་ལས་གོང་འཕེལ་གཏོང་བ། རྩི་ཤིང་དང་སྲོག་ཆགས་སྐྱེ་དངོས་ཕྲ་རབ་དག་ནས་འཚོ་བཅུད་དང་སྤྲི་དཀར་ལེན་ཐབས་བྱེད་དགོས། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་མཐའ་ཀུན་དང་ཐབས་ལམ་མང་བའི་སྒོ་ནས་འབྲུ་རིགས་ཐོན་ཁུངས་གསར་སྤེལ་བྱེད་པ། ཟ་རིགས་ཀྱི་སྣ་ཁ་མང་དུ་གཏོང་བ། རིགས་ཁག་གི་ཟ་རིགས་མཁོ་སྤྲོད་དང་དགོས་མཁོ་དོ་སྙོམས་བྱེད་པ། མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་སྣ་ཁ་མང་དུ་འགྲོ་བའི་འབྲུ་རིགས་འཛད་སྤྱོད་དགོས་མཁོ་སྔར་ལས་ལྷག་པའི་སྒོ་ནས་སྐོང་དགོས་ཞེས་བསྟན་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས། གྲོང་གསེབ་དར་རྒྱས་ཡོང་བ་བྱེད་པར་དཔལ་འབྱོར་གོང་འཕེལ་ཁོ་ནར་དམིགས་རྒྱུ་མེད་པར། ད་དུང་ངེས་པར་དུ་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་པའི་བསམ་བློ་ཀུན་སྤྱོད་སློབ་གསོར་མཐོང་ཆེན་བྱེད་པ། ཁྲིམས་སྐྱོང་འཛུགས་སྐྱོང་ལ་མཐོང་ཆེན་བྱེད་པ། གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ། གྲོང་མིའི་རང་སྐྱོང་ལག་ལེན་གཏིང་ཟབ་ཏུ་གཏོང་བ། གྲོང་སྲོལ་དམངས་ཆིངས་དང་ཁྱིམ་སྲོལ་གྱི་ནུས་པ་འདོན་སྤེལ་ནུས་ལྡན་བྱེད་པ། ཤེས་དཔལ་ལྡན་པའི་གྲོང་སྲོལ་དང་། ཁྱིམ་སྲོལ་བཟང་པོ། བབ་ཆགས་དམངས་སྲོལ་བཅས་གསོ་སྤེལ་བྱེད་དགོས། གྲོང་གསེབ་ཀྱི་ནག་ཚོགས་སྤྱོད་ངན་གཙང་སེལ་བྱེད་པའི་རྒྱུན་ལྡན་ཅན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་ནག་ཚོགས་སྟོབས་ཤུགས་དང་རིགས་རྒྱུད་ངན་པའི་སྟོབས་ཤུགས་ལ་མུ་མཐུད་རྡུང་རྡེག་གཏོང་བ། གྲོང་གསེབ་ཀྱི་འཆལ་རྒྱན་དུག་གསུམ་དང་བུད་མེད་དང་བྱིས་པའི་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་དགོས་ཞེས་ནན་སྟོན་གནང་བ་དང་།

ཞི་ཅིན་ཕིང་གིས་རང་རྒྱལ་གྱིས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་བསྐྲུན་ཟིན་ཡོད། སྤྱི་ཚོགས་འགན་སྲུང་བྱ་གཞག་སྤུས་ཚད་མཐོ་པོའི་སྒོ་ནས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་མུ་མཐུད་ཤུགས་རྒྱག་དགོས་པ་དང་། ལམ་ལུགས་ཀྱི་གཅིག་གྱུར་རང་བཞིན་དང་ཚད་ལྡན་རང་བཞིན་ཤུགས་ཆེར་གཏོང་དགོས་པ། བང་རིམ་མང་བ་དང་ཀ་རྟེན་མང་བའི་རྒན་གསོའི་འགན་བཅོལ་མ་ལག་གོང་འཕེལ་བཏང་སྟེ་མི་དེ་བས་མང་བ་སྤྱི་ཚོགས་འགན་སྲུང་མ་ལག་ནང་འཇུག་དགོས། སྟབས་བསྟུན་གྱི་ལས་ཞུགས་མི་སྣའི་སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ལས་ཤོར་དང་། ལས་རྨས། བུ་བཙའ་བཅས་ཀྱི་འགན་བཅོལ་ཁྱབ་ཁོངས་ཆེ་རུ་གཏོང་བ། ལམ་ལུགས་བཀོད་སྒྲིག་སྔར་ལས་དྲང་གཞག་དང་། ཁྱབ་ཁོངས་སྔར་ལས་རྒྱ་ཆེ་བ། མི་དམངས་ཀྱི་འཚོ་བ་བདེ་ཐང་ཡོང་བར་འདེགས་སྐྱོར་བཅས་བྱ་དགོས། སྤྱི་ཚོགས་འགན་སྲུང་ཐེབས་རྩའི་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་བཏང་སྟེ་མགོ་སྐོར་གཡོ་ལེན་དང་། ཆ་ཚང་འགན་ལེན། སྒེར་སྤྱོད་བཅས་ཀྱི་སྤྱི་ཚོགས་འགན་སྲུང་མ་དངུལ་སྣ་ཚོགས་ཧམ་བཟུང་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ནས་མི་དམངས་མང་ཚོགས་ཀྱི་རྒན་གསོའི་དངུལ་དང་སྲོག་སྐྱོབ་དངུལ་སྐར་མ་ཙམ་ཡང་ཆད་ལྷག་མེད་པར་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། དམངས་འཚོར་དོན་ཆུང་མེད་ལ། ཡལ་ག་གཅིག་དང་འདབ་ལོ་གཅིག་ཀྱང་སེམས་ལ་བཞག་དགོས། དཀའ་ངལ་ཡོད་པའི་མང་ཚོགས་ལ་ང་ཚོས་དེ་བས་དོ་ཁུར་དང་། དེ་བས་དགའ་གཅེས། དེ་བས་སེམས་ཁུར་བཅས་བྱས་ནས་ཁོང་ཚོའི་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱེད་དགོས། སྤྱི་ཚོགས་ཀྱི་རོགས་སྐྱོབ་ལམ་ལུགས་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་གཞི་རྩའི་འཚོ་བའི་རོགས་སྐྱོབ་དང་། ཆེད་དོན་སྤྱི་ཚོགས་ཀྱི་རོགས་སྐྱོབ། ཉེན་ཆེའི་སྤྱི་ཚོགས་ཀྱི་རོགས་སྐྱོབ་བཅས་གཙོ་བོར་བྱེད་པ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་རྒྱུ་ཁ་གསབ་ཏུ་བྱེད་པ། ཁྱོན་ཡོངས་ལ་ཁྱབ་པ་དང་། རིམ་དབྱེ་རིགས་དབྱེ། ཕྱོགས་བསྡུས་ལས་ཕྱོད་ཆེ་བ་བཅས་ཀྱི་སྤྱི་ཚོགས་རོགས་སྐྱོབ་རྣམ་པ་ཞིག་ཆགས་པ་བྱེད་དགོས། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་ཁྱད་ཆོས་དང་དགོས་མཁོར་དམིགས་ནས་གནད་སྨིན་ཇུས་འདོན་དང་། རིགས་ཁག་གི་མྱུར་སྐྱོབ་མ་དངུལ་དུས་ཐོག་དང་ཆད་ལྷག་མེད་པར་སྤྲོད་པ། གནས་སྐབས་རོགས་སྐྱོབ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མ་མཐའ་འགན་ལེན་དང་། མ་མཐའ་གནད་འཕིགས་འགན་ལེན། མ་མཐའ་འགན་ལེན་མཐར་ཕྱིན་བཅས་བྱེད་དགོས། གྲོང་གསེབ་ཀྱི་སྤྱི་ཚོགས་ཕན་བདེའི་ཞན་ཆ་གསབ་ནས་གྲོང་གསེབ་ཀྱི་རྒན་རྒོན་དང་། བྱིས་པ། གཞིས་སྲུང་གསུམ་གྱི་མི་སྣ་སོགས་དམིགས་བསལ་དང་དཀའ་ངལ་ཡོད་པའི་མི་ཚོགས་ལ་སེམས་ཁུར་དང་གཅེས་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རིམས་ནད་ཀྱིས་རྐྱེན་པས་དཀའ་ངལ་འཕྲད་པའི་མང་ཚོགས་ལ་གནས་སྐབས་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས་དབང་པོ་སྐྱོན་ཅན་གྱི་བདེ་ཐང་སླར་གསོ་དང་། སློབ་གསོ། ལས་ཞུགས་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་སྤྲང་པོ་དང་འཁྱམ་པོའི་མི་ལུས་བདེ་འཇགས་དང་གཞི་རྩའི་འཚོ་བ་འགན་ལེན་བྱེད་པ་དང་། ཤེས་སྒྲིབ་ཕོག་པའི་མི་སྣར་སེམས་ཁུར་དང་གཅེས་སྐྱོང་བྱེད་པ། བུད་མེད་དང་། བྱིས་པ། རྒན་རྒོན། དབང་པོ་སྐྱོན་ཅན་སོགས་ལ་བརྙས་བཅོས་དང་མནར་གཅོད་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཏིང་ཞུའེ་ཞང་དང་། ཀྲང་ཆིང་ལི། ལི་པིན། ཝང་ཡུང་ཆིང་། ཀུའུ་ཧྲེང་ཙུའུ་སོགས་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུར་ཞུགས་ཡོད་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ཐད་འདི་ལྟར་གསུངས། ཞི་ཅིན་ཕིང་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོཊ་གཙོ་སྐྱོང་གནང་། ཞི་ཅིན་ཕིང་ནས་ཀྲུང་གོའི་གངས་འཁྱཊ་ལུས་རྩལ་པར་འཕྲིན་ལན་སྤྲིངས་པ། ཞི་ཅིན་ཕིང་ནས་མཛད་སྒོ་འདིར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་གནང་འདུག