ཞི་ཅིན་ཕིང་གིས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས། ཁྲིམས་ལྟར་དམག་དཔུང་སྐྱོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་ཁྲིམས་སྐྱོང་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་སྟོན་གནང་བ།
སྤྱི་ཚེས ༧ ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས། ཁྲིམས་ལྟར་དམག་དཔུང་སྐྱོང་རྒྱུ་ནི་རང་རེའི་ཏང་གིས་དམག་དཔུང་འཛུགས་སྐྱོང་དང་དམག་དཔུང་བཅོས་སྐྱོང་བྱེད་པའི་གཞི་རྩའི་ཐབས་ལམ་ཡིན་པ་དང་། དུས་རབས་གསར་པར་ཏང་གི་དམག་དཔུང་སྟོབས་ཆེའི་དམིགས་འབེན་མངོན་འགྱུར་བྱེད་པའི་ལྡོག་མེད་ཀྱི་བླང་བྱ་ཡིན། ཁྲིམས་ལྟར་དམག་དཔུང་སྐྱོང་བའི་འཐབ་ཇུས་ལག་བསྟར་བྱེད་དགོས་པ་དང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་ཁྲིམས་སྐྱོང་ཆུ་ཚད་མཐོ་རུ་བཏང་ནས། དམག་དཔུང་སྟོབས་ཆེའི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་འགན་སྲུང་སྟོབས་ཆེན་མཁོ་འདོན་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
གྲོས་ཚོགས་ཐོགཧོ་ལེ་དང་། ཞུས་ཞི་ཧྲེང་། ལེའང་དབྱང་། ཅང་ཆིང་ཆུན། ཝང་ཀྲེན་གོཀའོ་པུའུ་མིང་སོགས་འཐུས་མི་དྲུག་གིས་ཁག་སོ་སོར་གཏམ་བཤད་སྤེལ་གནང་བ་དང་། དམག་དོན་ཁྲིམས་སྲོལ་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་དང་། དམག་དོན་འཐབ་རྩོད་ཀྱི་ཁྲིམས་གཞིའི་གྲ་སྒྲིག་ཡག་པོ་བྱེད་པ། ཁྲིམས་ལྟར་དམག་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ། རྒྱལ་སྲུང་ཚན་རྩལ་གསར་བཏོད་མགྱོགས་སུ་གཏོང་བ། རྒྱལ་སྲུང་སྐུལ་སློང་གསར་བཏོད་གོང་འཕེལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནད་དོན་ཐད་བསམ་འཆར་དང་གྲོས་འགོ་བཏོན་གནང་ཡོད།
འཐུས་མི་ཚོའི་གཏམ་བཤད་ལ་ནན་ཏན་ངང་གསན་གྲུབ་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས། འདས་ཟིན་པའི་ལོ་གཅིག་ནང་། དམག་ཡོངས་ཀྱིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་ཇུས་མཛུབ་སྟོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། འཐབ་རྩོད་དང་དམག་གྲབས། འཛུགས་སྐྱོང་བཅས་ལ་མཉམ་དུ་སྐུལ་འདེད་བཏང་བས། ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་འགོ་ཡག་པོ་འཛུགས་ཐུབ་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་གཙོ་བོ་ཁྲིམས་ལྟར་དམག་དཔུང་སྐྱོང་བའི་འཐབ་ཇུས་ལག་བསྟར་བྱེད་པའི་ཐད་ནན་སྟོན་གནང་ཡོད། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཁྲིམས་ལྟར་དམག་དཔུང་སྐྱོང་རྒྱུ་དེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྤྱིའི་འཐབ་ཇུས་ནང་བཅུག་ཡོད་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཁྲིམས་ལྟར་དམག་དཔུང་སྐྱོང་བའི་སྐོར་ལ་བཀོད་སྒྲིག་གལ་ཆེན་བྱས་པ་དང་། ཀྲུང་དབྱང་དམག་ཨུད་ཀྱིས་ཆེད་མངགས་དུས་བབ་གསར་པའི་ནང་ཁྲིམས་ལྟར་དམག་དཔུང་སྐྱོང་བ་དང་དམག་དཔུང་ནན་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་བཏོན་ཡོད། ལོ་འདི་དག་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ཁྲིམས་ལྟར་དམག་དཔུང་སྐྱོང་བའི་ལག་ལེན་ལ་འཕེལ་རིམ་གལ་ཆེན་ཐོན་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་ཁྲིམས་ལྟར་དམག་དཔུང་སྐྱོང་བའི་འཐབ་ཇུས་ལག་བསྟར་དོན་འཁྱོལ་བྱེད་དགོས་ཞེས་བཏོན་ཡོད། དེ་ནི་ཏང་ཀྲུང་དབྱང་གིས་དུས་རབས་གསར་པའི་དམག་དཔུང་འཛུགས་སྐྱོང་དང་དམག་དཔུང་བཅོས་སྐྱོང་བྱེད་པའི་ཁྱད་ཆོས་ཆོས་ཉིད་ཁོང་དུ་ཆུད་པ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་གི་གནས་བབ་ཧྲིལ་པོར་བསམ་བློ་བཏང་ནས་གཏན་ལ་འཁེལ་བའི་བཀོད་ཇུས་བཀོད་སྒྲིག་གལ་ཆེན་ཡིན་ཞེས་གསུངས་གནང་བ་རེད།
ཞི་ཅིན་ཕིང་གིས། ཁྲིམས་ལྟར་དམག་དཔུང་སྐྱོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་དགོངས་པ་ལག་བསྟར་བྱེད་པ། རང་དམག་གསར་བརྗེ་ཅན་དང་དེང་རབས་ཅན། ཚད་ལྡན་ཅན་བཅས་ཀྱི་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་གཞིགས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དོན་ཁྲིམས་སྐྱོང་མ་ལག་འཛུགས་པ། དམག་དཔུང་སྐྱོང་ཐབས་སྐོར་ལ་རྩ་བའི་ཐོག་ནས་འགྱུར་ལྡོག་མགྱོགས་པོ་གཏོང་བ། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་གི་ཁྲིམས་སྐྱོང་ཆུ་ཚད་མཐོ་རུ་གཏོང་དགོས། ཏང་གིས་དམག་དཔུང་ལ་བལྟོས་མེད་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དམག་འཐབ་ནུས་པའི་ཚད་གཞི་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དོན་ཁྲིམས་སྐྱོང་མ་ལག་འཛུགས་སྐྱོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྲིམས་སྐྱོང་གི་བླང་བྱ་ལྟར་དམག་དཔུང་སྐྱོང་ཐབས་བརྗེ་སྒྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དམག་དཔུང་ནན་སྐྱོང་གི་སྒྲིག་ཁྲིམས་ནན་པོ་རྒྱུན་འཁྱོངས་བྱེད་པ། འགོ་ཁྲིད་ལས་བྱེད་པའི་འགག་རྩའི་ཉུང་ཤས་འདི་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དཔོན་དམག་གི་གཙོ་གཟུགས་གནས་བབ་རྒྱུན་འཁྱོངས་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།
ཞི་ཅིན་ཕིང་གིས། ཁྲིམས་ལྟར་དམག་དཔུང་སྐྱོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་ནི་བརྒྱུད་རིམ་ཆ་ལག་ཚང་བའི་ལས་གཞི་ཞིག་ཡིན། གནས་བབ་ཧྲིལ་པོར་གཅིག་གྱུར་འཆར་འགོད་དང་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། འགག་གནད་སྒྲོལ་རྒྱུར་སྐུལ་ཁྲིད་ཀྱིས་སྤྱི་ཡོངས་ལ་སྐུལ་འདེད་གཏོང་དགོས། དམག་དོན་ཁྲིམས་འཛུགས་ལས་དོན་གཏིང་ཟབ་སྤེལ་བ། སྲིད་ཇུས་དང་ལམ་ལུགས་བསྒྱུར་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ཁྲིམས་འཛུགས་ཀྱི་བརྒྱུད་རིམ་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཆེ་རུ་གཏོང་བ། ཁྲིམས་སྲོལ་ལམ་ལུགས་ལག་བསྟར་གྱི་ལས་དོན་ཡག་པོ་སྒྲུབ་པ། མཉམ་འབྲེལ་དམག་འཐབ་ཀྱི་ཁྲིམས་སྲོལ་ལམ་ལུགས་དོན་འཁྱོལ་བྱེད་པ། ཁྲིམས་ལྟར་གསོ་སྦྱོང་དང་རྩ་གནད་ལྟར་གསོ་སྦྱོང་གཏིང་ཟབ་བྱེད་པ། རང་དམག་འཛུགས་སྐྱོང་གི་ཇུས་འགོད་འཆར་གཞིའི་འགྱུར་མེད་གཅུན་སྡོམ་ལ་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་དམག་དཔུང་གི་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཁྲིམས་སྲོལ་ལམ་ལུགས་ལག་བསྟར་གྱི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲིའི་གཙོ་གཟུགས་དང་དཔྱད་དཔོག་ཚད་གཞི་ཁ་གསལ་བཟོ་བ་དང་། ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་བཅས་བྱས་ཏེ་ཁྲིམས་སྲོལ་ལམ་ལུགས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་འགན་ལེན་བྱེད་དགོས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་དམག་དོན་ཁྲིམས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་། དམག་དོན་བྱ་སྤྱོད་དང་ཁྲིམས་སྐྱོང་འཐབ་རྩོད་ལ་གཅིག་གྱུར་འཆར་འགོད་དང་ཇུས་འགོད་བྱེད་པ། དམག་དོན་ཁྱབ་ཁོངས་ཀྱི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ། ཁྲིམས་སྐྱོང་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ཁེ་ཕན་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་བཅས་བྱེད་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས། ཁྲིམས་ལྟར་དམག་སྐྱོང་འཐབ་ཇུས་ལག་བསྟར་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་འདུས་བྱེད་དགོས། དམག་ཨུད་ཀྱིས་སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་རིམ་པ་ཁག་གིས་འགན་སྒྲུབ་ལས་སྒྲུབ་ལག་བསྟར་ནན་ཏན་བྱེད་པ། ཁྲིམས་སྐྱོང་ལས་དོན་ལས་ཁུངས་ཀྱིས་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་ཁྲིམས་ལྟར་མཛུབ་ཁྲིད་དང་ལས་དོན་སྤེལ་དགོས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་ནས་རྒྱལ་སྲུང་འདུ་ཤེས་ཆེ་རུ་བཏང་སྟེ། རང་རྟོགས་ངང་ཁྲིམས་གཏན་འཁེལ་བའི་རྒྱལ་སྲུང་འཛུགས་སྐྱོང་འགན་འཁྲི་ལག་བསྟར་བྱེད་པ་དང་ཁྲིམས་ལྟར་དམག་དཔུང་འཛུགས་སྐྱོང་དང་དམག་དོན་བྱ་སྤྱོད། དམག་མིའི་ཁྲིམས་མཐུན་ཁེ་དབང་བཅས་ལ་འགན་སྲུང་ཡག་པོ་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།
ཞི་ཅིན་ཕིང་གིས་མཇུག་ཏུ། དམག་ཡོངས་ཀྱིས་དུས་ཚོད་དམ་འཛིན་བྱས་ནས་དམག་གྲབས་དམག་རྒྱག་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་། ས་གནས་ལ་རམ་འདེགས་ཀྱིས་སྤྱི་ཚོགས་གནས་བབ་ཧྲིལ་པོ་བརྟན་ལྷིང་སྲུང་སྐྱོབ་བྱེད་པའི་ལས་དོན་ཡག་པོ་སྤེལ་དགོས། དུས་ཐོག་དང་ཕན་ནུས་ལྡན་པའི་སྒོ་ནས་གློ་བུར་ཏུ་ཐོན་པའི་གནས་ཚུལ་སྣ་ཚོགས་ཐག་གཅོད་བྱས་ཐོག རྒྱལ་ཁབ་ཀྱི་བདེ་འཇགས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་དང་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་ཁག་ལེགས་འགྲུབ་ཡག་པོ་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཆི་ལེའང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཡིའུ་ཞ་དང་ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་ཝེ་ཧྥེང་ཧོ་དང་ལི་ཙུའོ་ཁྲེང་། མིའོ་ཧྭ། ཀྲང་ཧྲེང་རྨིན་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད། །